གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༥/༧/༢༠༡༣   སྲིད་དོན་ནང་ འབྲེལ་གཏོགས་ཀྱི་གོ་ཡངས།
༉ དམངས་གཙོའི་རིང་ལུགས་ནང་ སྲིད་དོན་པ་སྦེ་ བཅའ་མར་གཏོགས་ཐོག་ལས་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ཕྱིད་ཞུ་ནི་དེ་ གོ་སྐབས་ལེགས་ཤོམ་ཅིག་ཨིནམ་སྦེ་ བརྩི་འཇོག་འབདཝ་མ་ཚད་ འབྲེལ་གཏོགས་འབད་ནི་དེ་ རང་སོའི་གཞི་རྟེན་ཐོབ་དབང་ཅིག་ཨིན་རུང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་དང་ ཞི་གཡོག་པའི་བཅའ་ཡིག་དང་ སྒྲིགས་གཞི་ཚུ་ལུ་བརྟེན་ དང་འདོད་ཅན་ཚུ་ལུ་ སྤྲོ་བ་ཞན་བཅུགཔ་ཨིན་མས།


དེ་ཡང་ དཔེར་ན་ ཞི་གཡོགཔ་ཅིག་ སྲིད་དོན་ནང་ འཛུལ་ཞུགས་འབད་ནི་གི་ སྤྲོ་བ་ཡོད་རུང་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་ཞིནམ་ལས་རྐྱངམ་གཅིག་ སྲིད་ཚོགས་ནང་ འཛུལ་ཆོགཔ་ད་ གལ་སྲིད་ སྲིད་ཚོགས་དང་ ཡང་ཅིན་ འདེམས་ངོ་དེ་ བཙག་འཐུ་མ་འགྲུབ་པ་ཅིན་ ལཱ་ཁག་སྦེ་ དགོངས་ཞུ་འབད་མི་ ཞི་གཡོགཔ་དེ་ལུ་ ལཱ་གཡོག་མེདཔ་འགྱོ་ནི་གི་ ཚ་གྱང་ཡོད་མི་ལུ་བརྟེན་ སྲིད་དོན་ནང་ བཅའ་མར་མི་གཏོགས་པས།
དེ་བཟུམ་སྦེ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོད་རུང་ ལཱ་གཡོག་མ་ཐོབ་པར་སྡོད་མི་ ན་གཞོན་ཚུ་ སྲིད་དོན་ནང་ བཅའ་མར་གཏོགས་པའི་ཤུལ་ལུ་ བཙག་འཐུ་མ་འགྲུབ་པ་ཅིན་ ཞི་གཡོག་གི་བཅའ་ཡིག་དང་ སྒྲིགས་གཞི་དང་འཁྲིལ་ ལོ་ངོ་༣ བསྒུག་སྡོད་དགོ་པའི་ དགོངས་དོན་གསལ་བཀོད་འབད་དེ་ཡོད་མི་གིས་ཡང་ སྲིད་དོན་ནང་ བཅའ་མར་གཏོགས་ནི་ལུ་ སྤྲོ་བ་ཞན་བཅུགཔ་ཨིན་མས།
ཨིན་རུང་ སྲིད་དོན་ནང་ བཅའ་མར་གཏོགས་ཚར་མི་ ན་གཞོན་ཚུ་གི་དོན་ལུ་ གནས་ཚུལ་བཟང་པོ་ཅིག་ཨིན་མི་དེ་ཡང་ སྤྱི་ལོ་༢༠༡༣ གྱི་ སྤྱི་ཚོགས་ཅན་གྱི་ བཙག་འཐུའི་ནང་ དོ་འགྲན་འབད་མི་ སྲིད་དོན་ཚོགས་པ་གང་རུང་གཅིག་དང་ འབྲེལ་བ་ཡོད་པའི་ གཙུག་ལག་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གིས་ ལོ་ངོ་༣ བསྒུག་མ་དགོ་པར་ འབྲུག་གི་ཞི་གཡོག་བཙག་འཐུའི་ཆོགས་རྒྱུགས་ཀྱི་དོན་ལུ་ ཐོ་བཀོད་འབད་དེ་ སྔོན་འགྲོའི་བརྟག་དཔྱད་ཆོས་རྒྱུགས་ནང་ བཅའ་མར་གཏོགས་ཆོག་ནི་ཨིན་མས།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ད་ལྟོའི་ སྲིད་དོན་པ་ན་གཞོན་ཚུ་ ཞི་གཡོག་ནང་ འཛུལ་ནིའི་དོན་ལུ་ ལོ་༣ བསྒུག་མ་དགོ་པའི་ བཀའ་ཤོག་གནང་ཡོདཔ་ད་ ད་ཚུན་གྱི་བར་ན་ སྲིད་དོན་ནང་ འབྲེལ་གཏོགས་འབད་མི་ ན་གཞོན་ཚུ་ ཞི་གཡོག་ཆོས་རྒྱུགས་རྐྱབ་མ་བཅུག་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ བཙག་འཐུའི་བཅའ་ཁྲིམས་དང་ ཞི་གཡོག་བཅའ་ཡིག་དང་ སྒྲིགས་གཞི་ཚུ་ལུ་བརྟེན་ སྲིད་དོན་ཚོགས་པ་དང་ འབྲེལ་བ་ཡོད་པའི་ མཐོ་རིམ་སློབ་གྲྭ་མཇུག་བསྡུ་མི་ཚུ་ལུ་ གོ་སྐབས་བྱིན་མ་ཚུགས་ཟེར་ཨིན་མས།
ད་རེས་ ཞི་གཡོག་ཆོས་རྒྱུགས་ཀྱི་དོན་ལུ་ ཐོ་བཀོད་འབད་མི་ མང་ཤོས་ར་ འགོ་ཐོག་བཙག་འཐུ་ནང་ ཕམ་སོ་མི་ འབྲུག་སྤྱིར་དབང་ཚོགས་པའི་ འཐུས་མི་ཚུ་ཨིནམ་ད་ སྲིད་ཚོགས་གཞན་ལས་ འཐུས་མི་དག་པ་ཅིག་ཡོདཔ་ཨིན་མས།
དེ་སྦེ་ གོ་ཡངས་བཟོ་མི་ལུ་ སྲིད་དོན་ནང་ བཅའ་མར་གཏོགས་མི་དང་ མ་འོངས་པ་ལུ་ སྲིད་དོན་པ་སྦེ་ འཛུལ་འདོད་ཡོད་མི་ ན་གཞོན་ཚུ་གིས་ ངོས་ལེན་ལེགས་ཤོམ་འབད་དོ་ཡོདཔ་ད་ འདི་བཟུམ་མའི་ ཞི་གཡོགཔ་ཚུ་ཡང་ སྲིད་དོན་ནང་ འཛུལ་ནི་གི་ བརྩོན་ཤུགས་དང་ སྤྲོ་བ་བསྐྱེད་ཐབས་ལུ་ གོ་ཡངས་བཟོ་ནི་གི་ འོས་འབབ་བལྟ་དགོཔ་དེ་ཡང་ གལ་ཆེཝ་སྦེ་ མཐོང་སྣང་བྱུངམ་མས།
དེ་བཟུམ་སྦེ་ འདེམས་ཁོངས་གཅིག་ལས་གཞན་ཅིག་ནང་ མི་རྩིས་སྤོ་སོར་འབད་བའི་ཤུལ་ལུ་ སྲིད་དོན་ནང་ བཅའ་མར་གཏོགས་ནི་དང་ ཡང་ཅིན་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་ཚུགས་ཚུགས་ལུ་ ལོ་༡ བསྒུག་དགོ་མིའི་ ལམ་ལུགས་དེ་ཡང་ བསྒྱུར་བཅོས་རྐྱབ་དགོཔ་འདུག་ཟེར་ ཞུ་ནི་ཨིན།

No comments:

Post a Comment