གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕྱིར་ཚོང་འཐབ་ནིའི་དོན་ལུ་ ཨེ་པཱལ་གྱི་ གཞི་རྟེན་གོང་ཚད་ ཌོ་ལར་༦༠༠ ལུ་གཏན་འཁེལ།

༢༧/༧/༢༠༡༣   ༉ འབྲུག་གི་ཨེ་པཱལ་ཕྱིར་ཚོང་འཐབ་ནི་དེ་ སྤྱི་ཟླ་༨ པའི་ཚེས་༡༥ ལས་ འགོ་བཙུགས་ནི་ཨིན་པས།
དེ་ཡང་ ཕུན་ཚོགས་གླིང་གི་ འབྲུག་ཕྱིར་ཚོང་ཚོགས་པ་གིས་ དངུལ་ཐོག་ཨེ་པཱལ་གྱི་ གཞི་རྟེན་གོང་ཚད་དེ་ མེ་ཊིག་ཊཱན་རེ་ལུ་ ཡུ་ཨེསི་ཌོ་ལར་༦༠༠ རེ་སྦེ་ གཏན་འཁེལ་བཟོ་ཡོདཔ་ལས་ ན་ཧིང་གི་ གཞི་རྟེན་གོང་ཚད་ ཡུ་ཨེསི་ཌོ་ལར་༧༥༠ དང་ཕྱདཔ་ད་ མར་བབས་སོང་ཡོདཔ་ཨིན་པས།

ན་ཧིང་ བང་ལ་དེཤ་ལུ་ བཙོང་ནིའི་དོན་ལས་ སོ་ནམ་ཞིང་པ་ཅིག་ལས་ཉོ་མི་ ཨེ་པཱལ་ཚུ་ ལས་མི་ཚུ་གིས་ སྣུམ་འཁོར་ཊཱག་ནང་ལས་ བཏོན་པའི་བསྒང་།


གཞི་རྟེན་གོང་ཚད་དེ་ འབྲུག་ཕྱིར་ཚོང་འཐབ་མི་ཚུ་གི་བར་ན་ ཞལ་འཛོམས་འཚོགས་ཐོག་ལས་ གཏན་འཁེལ་བཟོ་ཡོདཔ་ད་ གཞི་རྟེན་གོང་ཚད་ཡུ་ཨེསི་ཌོ་ལར་༦༠༠ སྦེ་ བཞག་དགོ་མི་དེ་ཡང་ ཕྱི་དངུལ་བརྗེ་སོར་གྱི་ གོང་ཚད་ཡར་སེང་སོང་ནི་དེ་གིས་ཨིནམ་བཞིན་དུ་ དེ་ལས་ལྷགཔ་སྦེ་ ཡར་སེང་རྐྱབ་པ་ཅིན་ བང་ལ་དེཤ་ལུ་ ཨེ་པཱལ་ཕྱིར་ཚོང་འཐབ་མ་ཚུགས་པའི་ ཉེན་ཁ་འདུག་ཟེར་ ཕྱིར་ཚོང་འཐབ་མི་ཚུ་གིས་ སླབ་ཨིན་པས།
ཕྱིར་ཚོང་འཐབ་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དུས་ཅི་ ཡུ་ཨེསི་ཌོ་ལར་བརྗེ་སོར་འབད་བའི་སྐབས་ ཌོ་ལར་རེ་ལུ་ དངུལ་ཀྲམ་༥༩ དང་༦༠ གི་བར་ན་ གནསཔ་ཨིན་རུང་ ན་ཧིང་ དུས་ཚོད་དེམ་ཅིག་ཁར་ ཡུ་ཨེསི་ཌོ་ལར་རེ་ལུ་ དངུལ་ཀྲམ་༥༤ སྦེ་ བརྗེ་སོར་འབད་ཡི་ཟེར་ཨིན་པས།
གལ་སྲིད་ གཞི་རྟེན་གོང་ཚད་ གཏན་འཁེལ་བཟོ་ཡོད་མི་ལས་ ད་རུང་ གོང་ཚད་ཡར་སེང་འབད་བ་ཅིན་ བང་ལ་དེཤ་གི་ ནང་འདྲེན་པ་ཚུ་གིས་ ཨེ་པཱལ་མི་ཉོ་ནི་གི་ ཉེན་ཁ་ཡོད་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༡ ལུ་ གཞི་རྟེན་གོང་ཚད་ཌོ་ལར་༧༠༠ ལས་ ན་ཧིང་ ཌོ་ལར་༧༥༠ ལུ་ ཡར་སེང་རྐྱབ་ད་ ནང་འདྲེན་འབད་མི་ ཕར་བབས་ཡར་སོ་ཡི་ཟེར་ཨིན་པས།
ཕྱིར་ཚོང་འཐབ་མི་ པ་སངས་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ ན་ཧིང་ ཨེ་པཱལ་ཚུ་ བང་ལ་དེཤ་ལུ་ བཙོང་མ་ཚུགས་མི་ལུ་བརྟེན་ ཕྱིར་ཚོང་པ་ཚུ་གིས་ རྒྱ་གར་ཨ་སམ་དང་ ཁྲོམ་གཞན་ཚུ་ནང་ ཨེ་པཱལ་སྒྲོམ་རེ་ལུ་ དངུལ་ཀྲམ་༤༠༠ ལས་༡,༠༠༠ གི་བར་ན་ བཙོང་དགོཔ་ཐོན་ཡི་ཟེར་ཨིན་པས།
དེ་མ་ཚད་ དུས་ཅི་ཡང་ རྒྱ་གར་ལུ་ ཨེ་པཱལ་གྱི་ ཐོན་སྐྱེད་ལེགས་ཤོམ་ཡོདཔ་ལས་ ག་དེ་སྦེ་ ཕྱིར་ཚོང་འཐབ་ཚུགས་འོང་ག་ཟེར་བའི་ ཚ་གྱང་ལངམ་མས་ཟེར་ བཤདཔ་ཨིན་པས།
འབྲུག་ཕྱིར་ཚོང་ཚོགས་པའི་ ཐོ་བཀོད་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༢ ལུ་ བང་ལ་དེཤ་ལུ་ ཨེ་པཱལ་མེ་ཊིག་ཊཱན་༤༣༠.༨༤ ཕྱིར་ཚོང་འཐབ་སྟེ་ འོང་འབབ་ཡུ་ཨེསི་ཌོ་ལར་༣༢༣,༡༣༠ ཐོབ་ཡོདཔ་ད་ སྤྱི་ལོ་༢༠༡༡ ལུ་ ཨེ་པཱལ་མེ་ཊིག་ཊཱན་༢,༢༢༣ ཕྱིར་ཚོང་འཐབ་སྟེ་ འོང་འབབ་ཡུ་ཨེསི་ཌོ་ལར་༡༥༥༦,༦༣༢ ཐོབ་ཡོདཔ་ཨིན་པས།
ཨེ་པཱལ་ཚུ་ མང་ཤོས་ར་ ཐིམ་ཕུ་དང་ སྤ་རོ་ ཧཱ་རྫོང་ཁག་ཚུ་ནང་ལས་ འབག་འོང་དོ་ཡོདཔ་ད་ ཕྱིར་ཚོང་འཐབ་མི་ཚུ་གིས་ ཨེ་པཱལ་ག་ར་ སྟབས་གཅིག་ཁར་ མཁོ་མངགས་འབད་ཞིནམ་ལས་ ཉོ་འབག་དོ་ཡོདཔ་ཨིན་པས།
ཕྱིར་ཚོང་འཐབ་མི་ སླ་ང་རྡོ་རྗེ་གིས་འབད་བ་ཅིན་ འཕྲལ་འཕྲལ་སྦེ་ར་ ཨེ་པཱལ་ཚུ་ བང་ལ་དེཤ་ཕྱིར་ཚོང་འཐབ་ནི་ལས་ རྒྱ་གར་གྱི་ ཁྲོམ་ཁར་བཙོངམ་ད་ དྲག་པས་ཟེར་ཨིན་པས།
ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ ཚེ་རིང་ཡེ་ཤེས་ཀྱིས་ སླབ་མིའི་ནང་ སྤ་རོ་རྒྱལ་ཡོངས་ལོ་ཐོག་བསྡུ་གསོག་ལྟེ་བ་དང་འཁྲིལཝ་ད་ ཨེ་པཱལ་ཚུ་ སྤྱི་ཟླ་༨ པའི་ཚེས་༡༥ དེ་ཅིག་ལས་ སྦོམ་ཆུང་དང་ ཚོས་གཞི་ཚུ་ ལེགས་ཤོམ་འགྱོ་ནི་ཨིནམ་ལས་ ཨེ་པཱལ་བཏོག་ནི་གི་ དུས་ཚོད་དེམ་ཅིག་ཁར་ ལེགས་ཤོམ་འདུག་ཟེར་ཨིན་པས།
ན་ཧིང་ སྤྱི་ཟླ་༨ པའི་ཚེས་༡ ལས་ ཨེ་པཱར་ཕྱིར་ཚོང་འཐབ་ཡོདཔ་ད་ ནང་འདྲེན་འཐབ་མི་ཚུ་གིས་ ཨེ་པཱལ་མ་འཚོ་བས་ཟེར་ ཉོགས་བཤད་བཀོད་ཡོདཔ་ལས་ དུས་ཅིའི་དུས་ཚོད་ནང་ ཉོགས་བཤད་མི་བཀོད་ནིའི་དོན་ལུ་ ཨེ་པཱལ་འཚོ་ཞིནམ་ལས་རྐྱངམ་གཅིག་ ཕྱིར་ཚོང་འཐབ་ནི་ཟེར་ ཚེ་རིང་ཡེ་ཤེས་ཀྱིས་ བཤདཔ་ཨིན་པས།
བང་ལ་དེཤ་གི་ ཤིང་འབྲས་ལས་སྡེའི་ འཛིན་སྐྱོང་པ་ཅིག་གིས་ སླབ་མིའི་ནང་ དུས་ཅི་ནང་འདྲེན་འབད་མི་ མང་ཤོས་ཅིག་གི་ གཞི་རྟེན་གོང་ཚད་གཏན་འཁེལ་བཟོ་མི་དེ་ལུ་ ངོས་ལེན་འབད་ཡི་ཟེར་ཨིནམ་ད་ དེ་འབདཝ་ད་ ཨེ་པཱལ་ཚུ་ རྒྱ་གར་གྱི་ དུས་སྟོན་མཇུག་བསྡུཝ་ད་ ལྷོད་པ་ཅིན་ རྒྱ་གར་དང་ རྒྱ་ནག་གི་ ཨེ་པཱལ་ཚུ་ཡང་ ལྷོད་དོ་ཡོདཔ་ལས་ ག་དེ་སྦེ་ བཙོང་ཚུགས་ག་ དོགས་པ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ཨེ་པཱལ་གྱི་ སྤུས་ཚད་དང་ ཚོས་གཞི་ཚུ་ འབྲུག་ལས་ཐོན་མི་ ཨེ་པཱལ་དང་ཕྱདཔ་ད་ རྒྱ་གར་དང་ རྒྱ་ནག་གི་ ཨེ་པཱལ་ཚུ་ ལེགས་པས་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཨེ་པཱལ་ཕྱིར་ཚོང་འཐབ་ནི་དེ་ དྲག་ཤོས་ར་ སྤྱི་ལོ་༢༠༠༥ ལུ་ ཨེ་པཱལ་མེ་ཊིག་ཊཱན་༣༦༧༧ ཕྱིར་ཚོང་འཐབ་སྟེ་ འོང་འབབ་ཡུ་ཨེསི་ཌོ་ལར་༡༦༥༤,༨༢༩ བཟོ་ཡོདཔ་ད་ དེ་བསྒང་ རྒྱ་གར་རྒྱལ་ཁབ་ནང་ མེ་ཊིག་ཊཱན་༡,༠༦༦ བཙོང་ཐོག་ལས་ འོང་འབབ་ཌོ་ལར་༤༧༩,༧༢༩ བཟོ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment