གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡༨/༧/༢༠༡༣   བཙག་འཐུ་མཇུག་བསྡུཝ་ད་ གསལ་བཤད་ཀྱི་ འོས་འབབ་མེདཔ།
༉ འབྲུག་གི་སྤྱི་ཚོགས་གཉིས་པའི་ སྤྱིར་བཏང་བཙག་འཐུ་འདི་ རྩོད་རྙོགས་ཅན་སྦེ་ མཇུག་བསྡུ་ཡོདཔ་ལས་ ཚོགས་རྒྱན་བཙུགས་མི་ ལེ་ཤ་ཅིག་ར་ སེམས་ཕམ་བྱུང་པའི་ གཞི་གནད་དོན་ཅིག་ལུ་གྱུར་ནུག།
མི་སེར་ཚུ་ལུ་ བཙག་འཐུའི་གྲུབ་འབྲས་རྐྱངམ་གཅིག་ལུ་ལྟ་སྟེ་མིན་པར་ སྤྱིར་བཏང་བཙག་འཐུའི་ བསྐུལ་བསྒྲགས་འགོ་བཙུགས་པའི་ ནམ་དུས་ལས་ར་ སྲིད་དོན་ཚོགས་པ་གཅིག་གིས་གཅིག་ལུ་ སྐྱོན་བརྗོད་དང་ ཁ་བཏང་མི་ལུ་བརྟེན་ སེམས་ཕམ་སྦོམ་བྱུང་ཡོདཔ་ད་ སྲིད་དོན་ནང་ རྒྱ་འབྲུག་གི་ མཐུན་ལམ་མེདཔ་བཏང་ཡོད་པའི་ གནད་དོན་དེ་ ལག་ཆ་བཟུམ་ཅིག་སྦེ་ ལག་ལེན་འཐབ་མི་དེ་གིས་ ལྷག་པར་དུ་ རྣམ་རྟོག་ལང་དགོཔ་བྱུང་ནུག།



དེ་མ་ཚད་ རྒྱ་གར་གྱིས་ཡང་ འབྲུག་གི་སྲིད་དོན་གནས་སྟངས་ཀྱི་ གོ་སྐབས་ལེན་ཐོག་ལས་ ཧང་སྟོང་མར་སྦེ་ རྒྱལ་ཁབ་ནང་ བཞེས་སྒོ་འབད་ནིའི་ མེ་རླུང་གེསི་དང་ ས་མར་ཁུའི་ཕབ་ཆག་ཆ་མེད་བཏང་པའི་ཁར་ ཕབ་ཆག་གཞན་ཚུ་ཡང་ ཕྱིར་འཐོན་འབད་ནི་གི་ ལོ་རྒྱུས་ཡོད་མི་དེ་གིས་ ཚོགས་རྒྱན་སྐྱུར་མི་ཚུ་ ཚ་གྱང་ལང་ནུག།
རྒྱ་གར་གྱི་ གསར་ཤོག་དང་ རྒྱང་བསྒྲགས་གནས་ཚུལ་ཚུ་ནང་ཡང་ རྒྱ་འབྲུག་གི་ མཐུན་འབྲེལ་ལེགས་ཤོམ་མེད་པའི་སྐོར་ ཁྱབ་སྤེལ་འབད་མི་ཚུ་ལུ་ལྟཝ་ད་ ཁྱིམ་མཚེས་རྒྱལ་ཁབ་ཀྱིས་ ང་བཅས་ཀྱི་ བཙག་འཐུའི་བྱ་རིམ་ནང་ ལགཔ་རྐྱབ་དོ་བཟུམ་མའི་ དོགས་སྣང་སྦོམ་བྱུང་ཡི།
འབྲུག་པའི་མི་སེར་ཚུ་ དོགས་སྣང་ཐོག་སྡོད་པའི་ ནམ་དུས་ལུ་ བརྡ་བརྒྱུད་ཀྱིས་ དོགས་སེལ་གྱི་དོན་ལས་ རྒྱ་གཞུང་གི་ ཕྱི་འབྲེལ་ལྷན་ཁག་གི་ འབྲེལ་ཡོད་འགོ་དཔོན་ཚུ་དང་ འབྲུག་ལུ་ཡོད་མི་ རྒྱ་གར་གཞུང་ཚབ་ལས་ཁང་དང་གཅིག་ཁར་ འབྲེལ་བ་འཐབ་ནི་གི་ དཔའ་བཅམ་རུང་ ངོས་ལེན་ཐོབ་མ་ཚུགསཔ་ལས་ ཧེང་སྐལ་ར་ རྒྱལ་ཁབ་ཀྱི་ སྲིད་དོན་ནང་ འབྲེལ་གཏོགས་འབད་བའི་ མངོན་གསལ་བྱུང་ཡི།
དེ་གིས་མ་དོ་བར་ གནས་སྐབས་གཞུང་གི་ གྲོས་དཔོན་ཅིག་གིས་ ཕབ་ཆག་ཆ་མེད་དང་ ཆུ་ཁ་གློག་མེའི་ཕབ་ཆག་ཡང་ ཕྱིར་བཏོན་འབད་བའི་སྐོར་ མ་བདེན་པའི་ བསམ་འཆར་གསལ་བཀོད་འབད་མི་དེ་གིས་ གནས་སྟངས་སྐྱོ་དྲགས་བཟོ་ཡོདཔ་ལས་ མི་སེར་ཚུ་ སྤྱགས་སྡུག་འཐབ་དགོཔ་བྱུང་ནུག།
དེ་འབདཝ་ད་ གནས་སྐབས་གཞུང་གི་ ཁ་ཐུག་ལས་ དེ་འཕྲོ་ལས་ མ་བདེན་པའི་ ལོ་རྒྱུས་ཨིནམ་སྦེ་ དོགས་སེལ་འབད་ཡི།
ཨིན་རུང་ བཙག་འཐུའི་བྱ་རིམ་ག་ར་མཇུག་བསྡུ་ཚརཝ་ད་ རྒྱ་གར་གྱིས་ འཆར་གཞི་༡༡ པའི་དོན་ལུ་ མ་དངུལ་གྲོགས་རམ་བྱིན་ནི་གི་ ཁས་བླངས་འབད་ཡོདཔ་མ་ཚད་ ཕབ་ཆག་ཆ་མེད་བཏང་མི་དེ་ ལོག་ཐོབ་སྦེ་ བཟོ་ནི་གི་ གྲོས་བསྡུར་འབད་འོང་ཟེར་ སླབ་མི་དེ་ འོས་ཁུངས་མེདཔ་ཅིག་སྦེ་ མཐོང་སྣང་བྱུང་ཡི།
ག་འཆརཔ་ཟེར་བ་ཅིན་ འབྲུག་གི་དཔྱེ་གཏམ་ནང་ བླམ་བྱོན་ཚརཝ་ད་ བསང་བཏང་། དོམ་རྒྱབ་ཐལཝ་ད་ དཔའ་རྟགས་འབལ་ཟེར་ སླབ་སྲོལ་ཡོདཔ་བཟུམ་སྦེ་ བཙག་འཐུའི་བྱ་རིམ་ག་ར་ མཇུག་བསྡུ་ཚརཝ་ད་ དོགས་སེལ་འབདཝ་ཨིན་མས།
འབྲུག་རྒྱལ་ཁབ་འདི་ རང་དབང་རང་བཙན་རྒྱལ་ཁབ་ཨིནམ་མ་ཚད་ སྤྱི་ལོ་༢༠༠༧ ལུ་ རྒྱ་འབྲུག་གི་མཐུན་འབྲེལ་ཆིངས་ཡིག་བསྒྱུར་བཅོས་ཐོག་ དུས་མཐུན་བཟོ་མི་དང་འཁྲིལཝ་ད་ ཕྱིའི་རྒྱལ་ཁབ་ཚུ་དང་ ཟུང་ཕྱོགས་མཐུན་འབྲེལ་གོང་འཕེལ་གཏང་ཆོགཔ་སྦེ་ཡོདཔ་ལས་ ཕྱི་འབྲེལ་གྱི་ སྲིད་བྱུས་ནང་ ཐེ་གཏོགས་འབད་ནི་མེདཔ་སྦེ་ཡོདཔ་ཨིན།
འདི་འབདཝ་ལས་ རྒྱལ་ཁབ་གཅིག་གིས་གཅིག་ལུ་ རང་སོའི་རང་བཙན་ལུ་ བརྩི་བཀུར་དང་ གུས་ཞབས་འབད་དགོཔ་མ་ཚད་ རྒྱ་འབྲུག་མཐུན་འབྲེལ་གྱི་ ཆིངས་ཡིག་ལུ་ཡང་ བརྩི་མཐོང་བསྐྱེད་དགོ་ཟེར་ ཞུ་ནི་ཨིན།

No comments:

Post a Comment