གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༦/༧/༢༠༡༣   དགོངས་ཕོག་ལམ་ལུགས་དྭངས་གསལ་བཟོ་མི་གིས་ ཉེས་མེད་ཚུ་ལུ་ བརྡབ་གསིག་མི་འབྱུང་ནི།
༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ངན་ལྷད་ལག་ལེན་ནང་ འབྲེལ་གནད་ཡོད་མི་ སྤྱི་གཡོགཔ་དང་ ཞི་གཡོགཔ་ཚུ་ ཕྱོགས་གཅིག་གི་སྒོ་ལས་ ལཱ་གཡོག་ནང་ལས་ དགོངས་ཕོག་བཏོན་མི་དེ་གིས་ ཉེས་འཛུགས་ཅན་ལུ་ དོན་མེད་ཀྱི་ བརྡབ་གསིག་དང་ སྡུག་གྱོང་བྱིན་མི་གིས་མ་དོ་བར་ གཞུང་ལུ་ སྐུ་གྱོང་བཀལཝ་ཨིན་མས།


དེ་ཡང་ དཔེ་འབད་བ་ཅིན་ ཤེས་རིག་ལྷན་ཁག་གི་ འགོ་དཔོན་གོངམ་ཅིག་ལུ་ སློབ་དེབ་མཁོ་སྒྲུབ་དང་འབྲེལ་བའི་ ངན་ལྷད་ཀྱི་ ཉེས་འཛུགས་ཐོག་ ཁྲིམས་བཤེར་འབད་མི་ལུ་བརྟེན་ ལོ་ངོ་༤ གི་རིང་ དགོངས་ཕོག་བཏོན་པའི་མཐའ་མར་ འབྲེལ་ཡོད་འགོ་དཔོན་ལུ་ ཉེས་པ་མེད་པའི་ འཁྲུན་ཆོད་གནངམ་ལས་ དོན་མེད་ཀྱི་ བརྡབ་གསིག་རྐྱབ་ཡོད་པའི་ མངོན་གསལ་བྱུང་ཡི།
དེ་བཟུམ་སྦེ་ གསོ་བའི་འགོ་དཔོན་ཚུ་གིས་གཙོས་པའི་ སྤྱི་གཡོགཔ་ལེ་ཤ་ཅིག་ར་ ལཱ་གཡོག་ནང་ལས་ དགོངས་ཕོག་བཏོན་ཡོདཔ་ད་ ན་ཧིང་ སྤྱི་ཚོགས་ཀྱི་ འཐུས་མི་བགྲེསཔ་གཉིས་ཡང་ དགོངས་ཕོག་བཏོན་ནི་གི་ དཔའ་བཅམ་ད་ ཁྲིམས་འདུན་ལས་ བཀག་ཆ་འབད་མི་ལུ་བརྟེན་ དགོངས་ཕོག་བཏོན་ཐབས་ མ་བྱུང་པས།
ག་འཆརཔ་ཟེར་བ་ཅིན་ ཉེས་འགེལ་དང་བསྟུན་པའི་ ཉེས་འཛུགས་བཀོད་མི་ཅིག་ལུ་ ཁྲིམས་དང་འཁྲིལ་ཏེ་ ཉེས་སྐྱོན་ཡིན་པར་ མ་གྲུབ་ཚུན་ཚོད་ ཉེས་མེད་སྦེ་ བརྩི་ནིའི་ཐོབ་དབང་ཡོད་མི་ལུ་བརྟེན་ཨིན་མས།
ཨིན་རུང་ ད་ལས་ཕར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཐག་རང་བཅད་དང་ དབང་ཤུགས་ཀྱི་སྒོ་ལས་ སྤྱི་གཡོགཔ་ཚུ་ དགོངས་ཕོག་བཏོན་ནི་གི་ འོས་འབབ་མེད་མི་དེ་ཡང་ བདུན་ཕྲག་ཧེ་མའི་ནང་ མངོན་མཐོ་ཁྲིམས་འདུན་གྱིས་ སྤྱི་གཡོགཔ་དང་ ཡང་ཅིན་ བཙག་འཐུ་གྲུབ་མི་ འགོ་དཔོན་ཚུ་ ངན་ལྷད་དང་འབྲེལ་བའི་ ཞིབ་དཔྱད་སྐབས་ གནས་སྐབས་ཅིག་གི་དོན་ལུ་ དགོངས་ཕོག་བཏོན་ནི་མ་གཏོགས་ དེ་མིན་ མི་ཆོག་ཟེར་ གནད་དོན་༡༨ འབད་མི་ ལམ་སྟོན་བཀའ་རྒྱ་ཅིག་ བཏོན་མི་ལུ་ གནས་དགོཔ་ཨིན་མས།
ལྷན་ཚོགས་ཀྱིས་ མི་ངོ་དེ་ལུ་ ཞིབ་དཔྱད་འགོ་འདྲེན་འཐབ་པའི་སྐབས་ དགོངས་ཕོག་བཏང་དགོཔ་དེ་ཡང་ ཞིབ་དཔྱད་ཀྱི་ རིམ་པ་ལུ་ སྐྱོན་ཞུགས་སམ་ སྒྲུབ་བྱེད་ཀྱི་རིགས་ཚུ་ མེདཔ་བཏང་བ་སོགས་ བཀག་དམ་འབད་ནིའི་དོན་ལུ་ཨིན་རུང་ ཁྲིམས་ཀྱི་བྱ་སྒོ་དང་འཁྲིལ་ ཁྲིམས་འདུན་གང་རུང་ཅིག་གིས་ ཉེས་ཁྲིམས་བཀལ་བ་ཅིན་་རྐྱངམ་གཅིག་ དགོངས་ཕོག་གཏང་དགོཔ་ཨིན་མས།
དེ་འབདཝ་ད་ དགོངས་ཕོག་བཏང་དགོཔ་བྱུང་རུང་ མི་ངོ་དེ་ དུས་ཡུན་ཟླཝ་༡༢ ལས་ལྷག་ བཞག་མི་ཆོག་ནི་དང་ གལ་སྲིད་ ཁྲིམས་དཔྱད་འབད་བའི་མཐའ་མར་ ཉེས་པ་མེད་པའི་ ངོས་འཛིན་བྱུང་པ་ཅིན་ ཚེ་སྲོག་གི་ ཐོབ་དབང་ཧྲིལ་བུ་ཡོད་པའི་ཁར་ དངུལ་ཕོགས་དང་ སྒྲིག་གཡོག་ཡང་ སྡོད་དོ་བཟུམ་སྦེ་ར་ ཐོབ་རིམ་སྤྲོད་དགོཔ་ཨིན་མས།
ཨིན་རུང་ མངོན་མཐོ་ཁྲིམས་འདུན་གྱིས་ སྤྱི་གཡོགཔ་དེ་ དགོངས་ཕོག་བཏོན་ཐོག་ལས་ དོན་མེད་ཀྱི་ བརྙས་བཅོས་དང་ བརྡབ་གསིག་ སྡུག་སྦྱོང་བྱིན་པའི་མཐའ་མར་ ཁྲིམས་འདུན་ལས་ ཉེས་གྲོལ་བཏངམ་ད་ མི་དཀར་ལ་ཞྭ་ནག་སྤུབས་མི་དང་ མ་ཉེས་ཁ་གཡོགས་བཀལ་བའི་ རྒུད་འཐུས་ག་ནི་ཡང་མེདཔ་ལས་ དེ་ལུ་ཡང་ ལྟ་དགོཔ་འདུག་ཟེར་ ལྟ་རྟོག་པ་ཚུ་གིས་ སླབ་ཨིན་མས།
མ་གཞི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ནམ་ར་འབད་རུང་ མཐོང་སྣང་ལུ་ ངན་ལྷད་འཐབ་པའི་ གནད་དོན་ཡོདཔ་སྦེ་ མཐོང་པ་ཅིན་ ཉེས་ཁ་ཕོག་པའི་ མི་ངོ་དེ་ ལས་གཡོག་ལས་ དགོངས་ཕོག་གཏང་ནི་དང་ ཡང་ཅིན་ ཁོ་གི་ཚོང་ལས་བཀག་ཆ་འབད་ཆོག་མི་དེ་ཡང་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་ཀྱིས་ དབང་ཚད་བྱིན་ཡོད་རུང་ ཞིབ་དཔྱད་འབད་བའི་སྐབས་ལུ་རྐྱངམ་གཅིག་ བསྟར་སྤྱོད་འབད་ཆོགཔ་ཨིན་མས།
ད་རིས་ནངས་པའི་ ལག་ལེན་དང་འཁྲིལཝ་ད་ མི་ངོ་དེ་ ཉེས་འཛུགས་འབད་དེ་ ཁྲིམས་ཀྱི་འདུན་སར་ བསྐྱལ་ཞིནམ་ལས་ ད་རུང་ ལས་གཡོག་ནང་ལས་ དགོངས་ཕོག་བཏོན་དགོཔ་སྦེ་ འབྲེལ་ཡོད་ལས་སྡེ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཡིག་ཚང་བཀའ་རྒྱ་བཏོནམ་ཨིན་མས།
ད་ལས་ཕར་ དགོངས་ཕོག་བཏོན་དགོ་རུང་ འོས་འབབ་དང་འཁྲིལ་ དབང་ནུས་ལྡན་པའི་ དབང་འཛིན་གྱིས་ བཀའ་རྒྱ་བཏོན་ནི་མ་གཏོགས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དགོངས་ཕོག་བཏོན་མ་ཆོགཔ་བཟོ་མི་དེ་ འོས་འབབ་དང་ལྡན་ཏོག་ཏོ་སྦེ་ མཐོངམ་མས་ཟེར་ ཞུ་ནི་ཨིན།

No comments:

Post a Comment