གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀེ་བ་གི་ཐོན་སྐྱེད་ལས་ ཉིམ་གང་ཤར་མེ་ཏོག་གིས་ འོང་འབབ་སྦོམ་བཟོ་ཚུགས་ཡོདཔ།

༢༦/༧/༢༠༡༣   ༉ བུམ་ཐང་གི་མི་སེར་ཚུ་ལུ་ ཀེ་བ་གི་ཐོན་སྐྱེད་མར་བབས་སོང་མི་དང་འབྲེལ་ དེ་གི་ཚབ་ལུ་ འོང་འབབ་བཟོ་ནིའི་ཐབས་ལམ་ཅིག་ ཉིམ་གང་ཤར་མེ་ཏོག་ འཛུགས་སྐྱོང་འབད་ནི་དེ་ཨིན་པས།
དེ་ཡང་ མེ་ཏོག་དེ་གིས་ སོ་ནམ་ཞིང་མི་ཚུ་ལུ་ འོང་འབབ་བཟོ་ནི་རྐྱངམ་གཅིག་གིས་མ་ཚད་ མེ་ཏོག་གི་རྡོག་མ་དེ་ བཟའ་བཏུབ་པའི་ཁར་ ཟས་བཅུད་ལྡན་ཅན་ཅིག་ཡང་ཨིན་པས།

བུམ་ཐང་ལུ་འཛུགས་སྐྱོང་འབད་མི་ ཉིམ་གང་ཤར་མེ་ཏོག།


ཞིང་མི་ཚུ་གིས་ མེ་ཏོག་གི་རྡོག་མ་དེ་ ཆུ་ཤོག་ནང་བླུགས་ཐོག་ལས་ སྒམ་རྐྱབ་དོ་ཡོད་མི་དེ་ཡང་ ཆུ་ཤོག་རེ་ནང་ ཇ་དོམ་གྱི་ཁབ་ཏོ་གིས་ ཚད་འཇལ་ཐོག་ལས་ བླུགས་ཞིནམ་ལས་ ཤོག་སྒམ་རེ་ལུ་ རིན་གོང་དངུལ་ཀྲམ་༡༠ དང་༡༥ གི་བར་ན་སྦེ་ བཙོང་དོ་ཡོདཔ་ཨིན་པས།
དུས་ཅི་གི་ལོ་ནང་ སོ་ནམ་ཞིང་མི་ཚུ་གིས་ སྤྱི་ཟླ་༤ པའི་ནང་ འཛུགས་སྐྱོང་འབད་ཐོག་ལས་ ད་རེས་ནངས་པ་ བསྡུ་གསོག་འབད་རན་ཁར་ལྷོད་ཡོདཔ་ད་ བུམ་ཐང་གི་རྫོང་ཁག་ནང་ ཚོང་པ་ སློབ་ཕྲུག་ གཡུས་མི་ དེ་ལས་ མི་གཞན་མི་ཚུ་གིས་ཡང་ ཉིམ་གང་ཤར་གྱི་རྡོག་མ་དེ་ ཁ་ཟས་བཟུམ་སྦེ་བཟའ་ནི་ལུ་ ཡོངས་གྲགས་ཅིག་གྱུར་ཡོདཔ་ཨིན་པས།
ཚོང་དཔོན་བཀྲིས་ཀྱིས་སླབ་དོ་བཟུམ་འབད་བ་ཅིན་ མོ་གིས་ མེ་ཏོག་གི་རྡོག་མ་སོན་དེ་ ཚོང་ཁང་ནང་ ཚོང་ཉོ་མི་མེད་པར་ བསྒུག་སྡོད་པའི་སྐབས་ལུ་ དབངམོ་མི་ངལ་ནིའི་དོན་ལུ་ ཟ་སྡོདཔ་ཨིན་ཟེར་ཨིན་པས།
སློབ་ཕྲུག་ཨ་ལུ་ཚུ་གིས་སླབ་དོ་བཟུམ་འབད་བ་ཅིན་ ཁོང་གིས་ རྡོག་མ་ཚུ་ ཁ་ནང་ པགས་ཀོ་ཡང་ མ་ཤུབས་པར་བླུགས་ཐོག་ལས་ ཁ་གིས་སྦེ་ པགས་ཀོ་ཤུབས་ཟ་བའི་ཤུལ་ལུ་ པགས་ཀོ་ངོ་མ་དེ་ ཕྱི་ཁར་ བཀོག་བཏངམ་ཨིན་ཟེར་ཨིན་པས།
སོ་ནམ་པ་ཚུ་གིས་ སློབ་མི་དང་འཁྲིལཝ་ད་ འགོ་ཐོག་ལུ་ ཉིམ་གང་ཤར་གྱི་མེ་ཏོག་འདི་ རང་གི་བཟའ་སྤྱོད་ཀྱི་དོན་ལུ་ འཛུགས་སྐྱོང་འཐབ་དོ་ཡོདཔ་ཨིན་རུང་ ཤུལ་ལས་ ལོ་ངོ་༡༠ གྱི་རིང་ལུ་ ཚོང་སྒྱུར་གྱི་དོན་ལུ་ འཛུགས་སྐྱོང་འབད་ནི་འགོ་བཙུགས་ཡོདཔ་ད་ ད་རེས་ནངས་པ་ ཚོང་སྒྱུར་དེ་ ལེགས་ཤོམ་སོང་ཡོད་ཟེར་ཨིན་པས།
སྐྱེས་ལོ་༤༩ ལང་མི་ ཡེ་ཤེས་མཚོ་མོ་གིས་ དུས་ཅི་ འགོ་དང་པ་ ས་ཆ་ཌེ་སི་མཱལ་༤༩ དེ་ཅིག་ གླ་ཁར་ལེན་ཞིནམ་ལས་ འཛུགས་འབད་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
དེ་སྦེ་འབད་དགོ་མི་དེ་ མོ་གི་ཁྱིམ་ཚང་ཚུ་གིས་ ཉིམ་གང་ཤར་མེ་ཏོག་གི་ཚོང་འབྲེལ་ལེགས་ཤོམ་སྦེ་ འཐབ་ས་མཐོང་ཞིནམ་ལས་ ཀེ་བ་འཛུགས་སྐྱོང་འཐབ་ནི་དེ་བཤོལ་བཞག་སྟེ་ ཁ་བསྒྱུར་འབད་ཡི་ཟེར་ཨིན་པས།
མོ་གིས་ ན་ཧིང་དུམ་གྲ་ཅིག་ འཛུགས་སྐྱོང་འབད་མི་གིས་ ཤོག་སྒམ་༤༠༠ ཐོན་སྐྱེད་འབད་ཡོདཔ་ལས་ དེ་གིས་ འོང་འབབ་དངུལ་ཀྲམ་༥༠༠༠ ཐོབ་ཚུགས་ཅི་ཟེར་ཨིན་པས།
 མོ་གིས་འབད་བ་ཅིན་ དུས་ཅི་ལོ་ནང་ མེ་ཏོག་འཛུགས་སྐྱོང་མང་སུ་འཐབ་ཡོདཔ་ལས་ འོང་འབབ་མངམ་བཟོ་ཚུགས་པའི་རེ་བ་ཡོད་ཟེར་ཨིནམ་ད་ ཀེ་བའི་ལཱ་འབད་ནི་དང་ཕྱདཔ་ད་ མེ་ཏོག་འཛུགས་སྐྱོང་འབད་ནིའི་ལཱ་དེ་ ལོག་ལྟབ་ཀྱིས་འཇམ་ཏོང་ཏོ་ཡོདཔ་མ་ཚད་ ཀེ་བ་བཟུམ་སྦེ་ མེ་ཏོག་གི་ཐོན་སྐྱེད་ཚུ་ བཀོག་དགོཔ་ཡང་ མི་ཐོནམ་མས་ཟེར་ཨིན་པས།
ཡེ་ཤེས་མཚོ་མོ་གིས་ ཞིང་ཚར་༢ རྨོ་ནི་གི་དོན་ལུ་ དངུལ་ཀྲམ་༡༦༠༠ ཟད་འགྲོ་བཏང་ཡོདཔ་ད་ ཞིང་གླ་ཁར་ལེན་མི་ལུ་ དངུལ་ཀྲམ་༡༥༠༠ སྤྲོད་ཡོདཔ་ལས་ མོ་གིས་ མེ་ཏོག་རྡོག་མ་ཚུ་ ཤོག་སྒམ་རེ་ལུ་ དངུལ་ཀྲམ་༡༠ རེ་སྦེ་ བཙོང་ནི་ཨིན་པས།
གཞན་མི་སོ་ནམ་ཞིང་པ་ སྐྱེས་ལོ་༤༧ ལང་མི་ བསོད་ནམས་རིན་ཆེན་གྱིས་ ལོ་ངོ་༡༠ གྱི་ མེ་ཏོག་འཛུགས་སྐྱོང་འབད་ཡོདཔ་ད་ ལོ་བསྟར་བཞིན་དུ་ འོང་འབབ་དེ་ ཡར་སེང་སོང་ཡི་ཟེར་ཨིནམ་ད་ ན་ཧིང་ ཁོ་གིས་ ས་ཆ་ཌེ་སི་མཱལ་༥༠ ནང་ མེ་ཏོག་འཛུགས་སྐྱོང་འབད་མི་གིས་ འོང་འབབ་དངུལ་ཀྲམ་༤༥,༠༠༠ བཟོ་ཚུགས་ཅི་ཟེར་ཨིན་པས།
ཀེ་བ་འཛུགས་སྐྱོང་གི་ལཱ་འབད་བ་ཅིན་ དེ་གིས་ ཟད་འགྲོ་སྦོམ་གནས་པའི་ཁར་ ལས་མི་ཡང་ མང་སུ་དགོཔ་མ་ཚད་ ལོ་ཐོག་འཚོ་པའི་སྐབས་སུ་ རི་ཕག་གིས་བཟའ་ནིའི་ཉེན་ཁ་ སྦོམ་ཡོད་ཟེར་ཨིནམ་ད་ ཉིམ་གང་ཤར་མེ་ཏོག་དེ་ ལཱ་འཇམ་པའི་ཁར་ ཁེ་སང་ཡང་ ལེགས་ཤོམ་འདུག་ཟེར་ཨིནམ་ད་ ཁོང་གིས་ མར་ཁུ་བཙིར་ཏེ་ ཚོང་འབྲེལ་འཐབ་ནིའི་དཔའ་བཅམ་རུང་ དེ་གིས་ ཚོང་འབྲེལ་ལེགས་ཤོམ་ཅིག་འགྱོ་མ་བཏུབ་ལས་ རྡོག་མ་དེ་ར་སྒམ་རྐྱབ་སྟེ་ བཙོང་ནི་ལུ་ གཙོ་བོར་བཏོན་ཡི་ཟེར་ཨིན་པས།
སོ་ནམ་ཞིང་མི་ཚུ་གིས་ ཉིམ་གང་ཤར་མེ་ཏོག་གི་ རྡོག་མ་ཚོང་འབྲེལ་འཐབ་ནི་དེ་ བུམ་ཐང་རྫོང་ཁག་ནང་ རྐྱང་གཅིག་འབད་བའི་ཁར་ དེ་ཡང་ ཨུ་ར་ སྟང་ ཆུ་སྨད་རྒེད་འོག་གི་ གཡུས་སྒོ་ཚུ་ནང་འབད་ཡོདཔ་ཨིན་པས།
ཉིམ་གང་ཤར་མེ་ཏོག་འཛུགས་སྐྱོང་འབད་མི་ སོ་ནམ་ཞིང་པ་ཚུ་གིས་སླབ་དོ་བཟུམ་འབད་བ་ཅིན་ ཚོང་འབྲེལ་དེ་ ལེགས་ཤོམ་འགྱོ་དོ་ཡོདཔ་ལས་ འཛུགས་སྐྱོང་འབད་མི་མངམ་ཐོན་ཏེ་འབད་རུང་ དོ་འགྲན་འབྱུང་ནིའི་ཉེན་ཁ་མེད་ཟེར་ཨིན་པས།
སྐྱེས་ལོ་༥༠ ལང་མི་ རྣམ་རྒྱལ་གྱིས་སླབ་མིའི་ནང་ ན་ཧིང་གི་ལོ་ལུ་ ཁོ་རའི་ཐོན་སྐྱེད་ཚུ་ བཙོང་ཚར་རུང་ ཉོ་བར་འོང་མི་ལེ་ཤ་ཐོན་ཡོདཔ་ལས་ ད་ལྟོའི་གནས་སྐབས་ནང་ གྱོང་རྒུད་ཕོག་ནིའི་ཉེན་ཁ་མིན་འདུག་ཟེར་ཨིནམ་ད་ ཐོན་སྐྱེད་དེ་ ཡོངས་གྲགས་སྦོམ་ར་འགྱོ་དོ་ཡོདཔ་ལས་ རྫོང་ཁག་གཞན་ཁར་ཡང་ ཚོང་འབྲེལ་འཐབ་ནིའི་ཐབས་བྱུས་ འབདཝ་ཨིན་ཟེར་ཨིནམ་ད་ ན་ཧིང་བཟུམ་ཅིག་འབད་བ་ཅིན་ ང་གིས་ འོང་འབབ་དངུལ་ཀྲམ་༥༠,༠༠༠ བཟོ་ཡོདཔ་བཞིན་དུ་ དུས་ཅི་ འོང་འབབ་མང་སུ་བཟོ་ཚུགས་པའི་རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཚོང་མགྲོན་པ་ཚུ་གིས་ ཉིམ་གང་ཤར་མེ་ཏོག་གི་སྐོར་ལས་ རྒྱབ་ཁུངས་ཧ་མ་གོ་རུང་ དེ་སྦེ་ར་ ཟ་དོ་ཡོདཔ་ད་ སྤྱིར་བཏང་ མེ་ཏོག་གི་རྡོག་མ་དེ་གིས་ གཟུགས་ཁ་ལུ་ ཕན་ཐོགས་པའི་ཟས་བཅུད་ ལེ་ཤ་བྱིན་དོ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment