རབ་བྱུང་༨ པའི་ནང་བྱོན་མི་ འབྲུག་པ་བཀའ་བརྒྱུད་པའི་བླམ་ འབྲུག་པ་ཀུན་ལེགས་ཀྱི་ལོ་རྒྱུས་ གློག་རིག་དཔེ་དེབ་ནང་སྦེ་ འཐོབ་ཚུགས་ནི།
![]() |
བོད་ར་ལུང་ལུ་ བླམ་འབྲུག་པ་ཀུན་དགའ་ལེགས་པ་མཆོག་གིས་ ལྷོ་མོན་ཕྱོགས་ལུ་ ལུང་བསྟན་གྱི་ ཕྱག་མདའ་གནང་མི་པར་རིས་ཀྱི་གཟུགས་སུ་བཀོད་མི། |
ད་རེས་ནངས་པའི་ མི་རབས་ཚུ་གིས་ བླམ་འབྲུག་པ་ཀུན་ལེགས་དེ་ འབྲུག་རྒྱལ་ཁབ་ནང་ ག་དེ་སྦེ་ ཕེབས་ཕེབས་ཨིན་ན་དང་ འབྲུག་གི་ས་གནས་ ག་ཏེ་ལུ་ར་ ཞབས་ཀྱིས་བཅགས་གནང་ཡོདཔ་ཨིན་ན་ ལེགས་ཤོམ་སྦེ་ མི་ཤེས་དོ་ཡོད་མི་དེ་ཡང་ མཁས་མཆོག་ཚུ་གིས་ འབྲུག་པ་ཀུན་ལེགས་ཀྱི་ རྣམ་ཐར་ཚུ་ ཆོས་སྐད་ཉག་རྐྱང་ཐོག་ལུ་ བྲིས་ཡོད་མི་ལུ་བརྟེན་ གནད་དོན་ཚུ་ གོ་བ་ལེན་ཚུགས་པར་ ལཱ་ཁག་ཡོདཔ་མ་ཚད་ ལོ་ངོ་དག་པ་ཅིག་གི་ཧེ་མར་ ཐིམ་ཕུ་ལུ་ཡོད་མི་ དཔེ་སྐྲུན་ཁང་ཅིག་གིས་ཡང་ འབྲུག་པ་ཀུན་ལེགས་ཀྱི་ དཔེ་དེབ་ཅིག་ རྫོང་ཁའི་ནང་ པར་སྐྲུན་འབད་ཡོད་རུང་ གནད་དོན་གྱི་གཞི་རྩ་མང་ཤོས་ར་ ཆོས་སྐད་ནང་ར་ བཞག་ཡོད་ནི་དེ་གིས་ ན་གཞོན་བུཚ་དང་ བུམོ་ཚུ་གིས་ ཉོ་སྟེ་ལྷག་ནི་ལུ་ སྤྲོ་བ་མི་བསྐྱེད་དོ་ཡོདཔ་ཨིན་པས།
དེ་འབདཝ་ད་ སྤྱི་ཟླ་༥ པའི་ཚེས་༡ ལས་ བླམ་འབྲུག་པ་ཀུན་ལེགས་ཀྱི་ལོ་རྒྱུས་ ཨིང་སྐད་ནང་ གོ་དོན་འཇམ་ཏོང་ཏོ་སྦེ་ རྩོམ་བྲིས་འབད་དེ་ གློག་རིག་དཔེ་དེབ་ཐོག་ལུ་ ཨེ་པཱལ་ཨའི་བཱུག་ཟེར་མི་ ཚོང་ཁང་ཚུ་ནང་ལས་བཙོང་ནི་ འགོ་བཙུགས་ཡོདཔ་ལས་ འཛམ་གླིང་གིས་མ་དོ་བར་ དམིགས་བསལ་དུ་ འབྲུག་པའི་ན་གཞོན་ཚུ་ལུ་ ཕན་ཁྱད་འབྱུང་ནི་ཨིན་པས།
གློག་རིག་དཔེ་དེབ་དེ་ ཨེ་མི་རི་ཀའི་ ལྷོ་ཕྱོགས་མངའ་སྡེ་ ཨོ་རི་གཱོན་ལས་ རཱུསི་དང་ བཱ་ལ་ཡེཋ་ ཀར་པེན་ཊར་བཟའ་ཚང་གིས་ རྩོམ་བྲིས་འབད་ཡོདཔ་ད་ དེ་ཡང་ འབྲུག་རྒྱལ་ཁབ་ནང་ ལྟ་སྐོར་ལུ་ ལན་ཐེངས་མང་རབས་ཅིག་འོང་མི་ ཀར་པེན་ཊར་བཟའ་ཚང་༢ བླམ་འབྲུག་པ་ཀུན་ལེགས་ཀྱི་ མཛད་རྣམ་ཚོགས་ཀྱི་སྤྱོད་པ་ལུ་གཤེགས་པའི་ བྱ་སྤྱོད་ དེ་ལས་ དགོད་བྲ་དང་ འདོད་སྤྱོད་དང་འབྲེལ་བའི་ ཆོས་ཚུ་ལུ་ སྤྲོ་སྣང་དང་ ཡིད་ཆེས་བྱུང་བའི་ གྲུབ་འབྲས་ཅིག་ཨིན་པས།
ཁོང་བཟའ་ཚང་གཉིས་ སྤྱི་ལོ་༢༠༡༠ ལུ་ འབྲུག་ལུ་ ལྟ་སྐོར་ཐེངས་༡༩ པ་འབདཝ་ད་ བླམ་འབྲུག་པ་ཀུན་ལེགས་ བོད་ར་ལུང་ལས་ ཇོ་མོ་ལྷ་རི་གངས་རི་བརྒྱུད་དེ་ ནུབ་ཕྱོགས་རྫོང་ཁག་ སྤ་རོ་དང་ ཐིམ་ཕུ་ སྤུ་ན་ཁ་ དབང་འདུས་ཕོ་བྲང་ཚུ་ནང་ ཞབས་ཀྱིས་བཅགས་གནང་མི་ ས་གནས་ཁག་༦༧ ནང་ ལྟ་སྐོར་འབད་དེ་ པར་བཏབ་ཡོདཔ་མ་ཚད་ ས་གནས་ཀྱི་ མི་ཚུ་ལས་ ངག་རྒྱུན་ལོ་རྒྱུས་ཚུ་ བསྡུ་ལེན་འབད་ཡོདཔ་ཨིན་པས།
རྩོམ་པ་པོ་༢ ཀྱིས་ རབ་བྱུང་༨ པ་ ཤིང་ཕག་ལོའམ་ སྤྱི་ལོ་༡༤༥༥ ལུ་ བོད་ར་ལུང་ལུ་འཁྲུངས་མི་ ཀུན་དགའ་ལེགས་པའི་བཟང་པོ་དང་ རྣལ་འབྱོར་པ་ བླམ་སྨྱོས་པ་ཟེར་ཡང་ཞུ་མི་ བླམ་འབྲུག་པ་ཀུན་ལེགས་དེ་ བོད་ལུ་བཞུགས་པའི་སྐབས་ཀྱི་ མཛད་རྣམ་མདོར་བསྡུས་ཅིག་ གློག་རིག་དཔེ་དེབ་ནང་ གསལ་བཀོད་འབད་ཡོད་རུང་ གནད་ཁུངས་ངོ་མ་ར་ འབྲུག་ལུ་བྱོན་ཏེ་ སེམས་ཅན་ལུ་ གནོདཔ་བཀལ་མི་ བདུད་ཚུ་ ཁོ་རའི་རྡོ་རྗེ་མེ་འོད་རབ་ཏུ་འབར་བ་གིས་སྦེ་ དམ་ལུ་བཏགས་གནང་མི་དང་ སྨྱོ་ཆང་དང་ འདོད་སྤྱོད་ཚུ་ལུ་ གཙོ་བོར་བཏོན་ཏེ་ ཐར་པའི་ལམ་ལུ་འདྲེན་གནང་མིའི་སྐོར་ལས་ ཞིབ་འཚོལ་འབད་དེ་བྲིས་ནུག།
བླམ་འབྲུག་པ་ཀུན་ལེགས་ བོད་ལུ་བཞུགས་པའི་སྐབས་ གཉིད་ལམ་ཅིག་ནང་ མེ་རི་ཕྱག་མཚན་འབག་མི་ མཁའ་འགྲོ་མའི་སྤྲུལ་པ་ཅིག་གིས་ ཁོ་རའི་ལུང་བསྟན་དེ་ ལྷོ་མོན་ལུ་ཡོདཔ་ལས་ དྲོ་པ་ཧ་སག་ར་ ལྷོ་ཕྱོགས་ལུ་ ཕྱག་མདའ་ཅིག་ གནང་དགོ་པའི་ ལུང་བསྟན་དང་བསྟུན་ དྲོ་པ་བཞེངསམ་ཅིག་ བླམ་འབྲུག་པ་ཀུན་ལེགས་ཀྱིས་ ཕྱག་མདའ་ཅིག་ འབྲུག་ཁ་ཐུག་ལུ་ སྨོན་འདུན་དང་བཅསཔ་སྦེ་གནང་ཡོདཔ་ཨིན་པས།
དེ་ལས་ བླམ་འབྲུག་པ་ཀུན་ལེགས་ཀྱིས་ ཁོ་གི་ ཕྱག་མདའ་འཚོལ་བར་ ལ་ལུང་ལེ་ཤ་བརྒལ་ཏེ་ བྱོན་པའི་ལམ་ཁར་ ཇོ་མོ་ལྷ་རིའི་རྩ་བར་ཕེབས་ད་ དང་པ་ར་ སེམས་ཅན་ལུ་ གནོདཔ་བཀལ་མི་ འོག་རྡོ་ཟེར་མི་ བདུད་དེ་ བཏུལ་ཞིནམ་ལས་ དམ་ལུ་བཏགས་གནང་པའི་ཤུལ་ལུ་ སྤ་རོ་དང་ ཐིམ་ཕུའི་ལུང་གཤོང་ཚུ་ནང་ བདུད་ལེ་ཤ་ཅིག་ བཏུལ་ཡོདཔ་མ་ཚད་ ཨམ་སྲུ་འཇའ་རིསམོ་ལེ་ཤ་ཅིག་དང་ འབྲེལ་བ་འཐབ་ཐོག་ལས་ ཆོས་གནང་སྟེ་ བྱོན་ཡོདཔ་ད་ མཐའ་མཇུག་ལུ་ སྟོདཔ་རྒེད་འོག་ འཕྲིན་ལས་སྒང་གི་ མཇུག་ལུ་ ས་གནས་ཕྱག་མདའ་ནང་ཟེར་སར་ལྷོདཔ་ད་ ཁོ་གི་ཕྱག་མདའ་དེ་ སྟོདཔ་ཚེ་དབང་གི་ ཁྱིམ་ཐོག་གུ་ ཆགས་ཏེ་ཡོདཔ་གཟིགས་ནུག།
རྩོམ་པ་པོ་༢ ཀྱིས་ ཁོང་གི་ གློག་རིག་དཔེ་དེབ་དེ་ བླམ་འབྲུག་པ་ཀུན་ལེགས་ཀྱིས་ མཇུག་ར་ དབང་འདུས་ཕོ་བྲང་ཤར་ཝ་ཆེན་ལུ་ ཞབས་ཀྱིས་བཅག་གནང་མི་ལས་ མཇུག་བསྡུཝ་བཞིན་དུ་ ཤོག་གྲངས་༡༠༤ འབད་མི་ གློག་རིག་དཔེ་དེབ་ནང་ བླམ་འབྲུག་པ་ཀུན་ལེགས་ (༡༤༥༥-༡༥༧༠) ཀྱིས་ དུས་རབས་༡༥ པའི་ནང་ འབྲུག་ལུ་བྱོནམ་ད་ ལམ་བདའ་སྟེ་ ཞབས་ཀྱིས་བཅག་གནང་མི་དང་ ལུང་བསྟན་དང་འཁྲིལ་ རྒྱལ་ཁབ་ནང་ ཕེབས་ཞིནམ་ལས་ བདུད་ཚུ་དམ་ལུ་བཏགས་གནང་མི་དང་ ཞབས་རྗེས་ ལྷ་ཁང་ཚུ་གི་ པར་ལེ་ཤ་ཅིག་དང་ བཀོད་རིས་ཚུ་ ལག་ལེན་འཐབ་ནུག།
སྐྱེས་ལོ་༦༩ ལང་མི་ རཱུསི་དང་ བཱ་ལ་ཡེཋ་ ཀར་པེན་ཊར་བཟའ་ཚང་དེ་ སྤྱི་ལོ་༡༩༩༦ ལུ་ འབྲུག་རྒྱལ་ཁབ་ནང་ ལམ་སྲོལ་གྱི་ ལྟ་སྐོར་ལུ་ འགོ་དང་པ་འོང་ཞིནམ་ལས་ཚུར་ འབྲུག་ལུ་ སྤྲོ་སྣང་སྦོམ་བྱུང་སྟེ་ ལན་ཐེངས་༡༩ འོང་པའི་གནས་ཚུལ།
No comments:
Post a Comment