གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཌོག་ཊར་ཚུ་ལུ་ གསུག་འབུལ་གྱི་ ཉེས་འཛུགས་འབད་བའི་རྒྱུ་རྐྱེན།

༢༡/༥/༢༠༡༢

 ལྟ་སྐོར་གྱི་སྐབས་ ཇར་མ་ནི་ལུ་ སོང་མི་ཚུ་ལུ་ ཟད་འཐུས་སྦེ་ མི་རེ་ལུ་ ཡུ་རོ་༡,༥༠༠ རེ་དང་ རྒྱ་ནག་གི་ སྡེ་ཚན་ལུ་ ཡུ་ཨེསི་ཌོ་ལར་༡,༥༠༠ རེ་ སྤྲོད་ནུག་ཟེར་ཨིན་པས།

༉ སྨན་རིགས་མཁོ་སྒྲུབ་ཀྱི་ རིན་བསྡུར་དང་འབྲེལ་བའི་ གསུག་འབུལ་གྱི་ རྩོད་དོན་ནང་ ཁ་ཉེས་ཕོག་མི་ ཌོག་ཊར་༣ ལཱ་གཡོག་ནང་ལས་ དགོངས་ཕོག་བཏོན་ནི་མེདཔ་ཅིག་ འབད་གནང་ཟེར་ གསོ་བའི་ལྷན་ཁག་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཞུ་བ་འབདཝ་མ་གཏོགས་ ཌོག་ཊར་ཚུ་ལུ་ ཉེས་འཛུགས་འབད་དགོ་པའི་ རྒྱུ་རྐྱེན་ག་ཅི་ཨིན་ན་ ཤེས་རྟོགས་མེདཔ་ཨིན་པས།


དེ་ཡང་ བདུན་ཕྲག་ཧེ་མའི་ རེས་གཟའ་པ་སངས་ལུ་ གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་ ཀུན་གསལ་ལུ་ གསུངས་མུའི་ནང་ ཇར་མ་ནི་དང་ རྒྱ་ནག་ལུ་ གཞུང་འབྲེལ་ལྟ་སྐོར་དེ་ དྲུང་འཚོ་ཁོང་རང་གིས་ ཐག་བཅད་བཅདཔ་མིན་པར་ ལྷན་ཁག་གི་ མི་སྟོབས་ཚོགས་ཆུང་གིས་ གནང་བ་གྲུབ་ཡོདཔ་མ་ཚད་ འདི་བཟུམ་ ཕྱི་རྒྱལ་ལུ་ འགྱོ་ནི་དེ་ སྤྱིར་བཏང་གི་ལམ་ལུགས་ཅིག་ཨིནམ་ལས་ ཁོང་ལུ་ འཛོལ་བ་མེད་ཟེར་ཨིན་པས།
དེ་འབདཝ་ད་ ཀུན་གསལ་ལུ་ ཤེས་རྟོགས་བྱུང་མི་དང་འཁྲིལ་བ་ཅིན་ རྒྱ་གར་ཀཱོལ་ཀ་ཊ་ལུ་ཡོད་མི་ བི་ཀཱསི་སྨན་རིགས་བཀྲམ་སྤེལ་ལས་སྡེ་གིས་ ཟད་འགྲོ་བཏང་ཐོག་ལས་ རིན་བསྡུར་ཚོགས་ཆུང་གི་ འཐུས་མི་ཚུ་གི་དོན་ལུ་ གསོ་བའི་མཁོ་ཆས་བརྟག་དཔྱད་འབད་བར་ ཇར་མ་ནི་དང་ རྒྱ་ནག་ལུ་ ལྟ་སྐོར་ལན་ཐེངས་གཉིས་ འགོ་འདྲེན་འཐབ་མི་ལུ་བརྟེན་ མཐའན་མཇུག་ལུ་ སྨན་རིགས་དང་ གསོ་བའི་འཕྲུལ་ཆས་བཀྲམ་སྤེལ་གྱི་ གནང་བ་མང་ཤོས་ར་ ལྟ་སྐོར་ལུ་བཏང་མི་ བཀྲམ་སྤེལ་བ་དེ་ལུ་ བྱིན་ཡོདཔ་ཨིན་པས།
ལྟ་སྐོར་དང་པའི་ནང་ ཌོག་ཊར་༣ རྩིས་ཏེ་ རིན་བསྡུར་ཚོགས་ཆུང་གི་ འཐུས་མི་༥ འབད་མི་ སྡེ་ཚན་ཅིག་ སྤྱི་ལོ་༢༠༠༩ ཟླཝ་༦ པའི་ནང་ ཇར་མ་ནི་ལུ་ སོང་ཡོདཔ་ལས་ བི་ཀཱསི་བཀྲམ་སྤེལ་ལས་སྡེ་གིས་ ཁོང་ལུ་ གནམ་གྲུའི་གླ་ཆ་དང་ བཟའ་ཉལ་ཁང་གི་ ཟད་འགྲོ་ཚུ་ བཏང་མི་གིས་མ་ཚད་པར་ མི་རེ་ལུ་ ཉིནམ་རེ་གི་ ཉིན་འཐུས་ཡུ་རོ་༡༥༠ (ཡུ་རོ་རེ་ལུ་ དངུལ་ཀྲམ་༦༥ དེ་ཅིག) རྩིས་རྐྱབ་སྟེ་ ཉིན་གྲངས་༡༠ ལུ་ ཡུ་རོ་༡,༥༠༠ རེ་ ལོགས་སུ་སྦེ་ སྤྲོད་མི་དེ་ ནང་གསུག་བཟུམ་ཅིག་ཨིན་པའི་ མཐོང་སྣང་བྱུང་ཡོདཔ་ད་ ཁ་ཉེས་ཕོག་མི་ ཌོག་ཊར་༣ པོ་དེ་ཡང་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ རྩ་ཁམས་དྲུང་འཚོ་དང་ སྒལ་ཚིགས་དྲུང་འཚོ་ སོའི་དྲུང་འཚོ་ཚུ་ཨིན་པས།
ཀུན་གསལ་གྱིས་ གོ་དོ་བཟུམ་འབད་བ་ཅིན་ རྩ་ཁམས་དྲུང་འཚོ་དེ་ གསོ་བའི་རིན་བསྡུར་ཚོགས་ཆུང་གི་ འཐུས་མི་ཡང་མེན་པའི་ཁར་ མཁོ་སྒྲུབ་ནང་ འབྲེལ་གཏོགས་ག་ནི་ཡང་མེད་མི་ཅིག་ཨིནམ་ད་ ཇར་མ་ནིའི་ ལྟ་སྐོར་སྐབས་ རིན་བསྡུར་ཚོགས་ཆུང་གི་འཐུས་མི་ ཌོག་ཊར་གཞན་ཅིག་ འགྱོ་དགོཔ་ཨིན་རུང་ ཁོ་ལུ་ གློ་བུར་གྱི་ ལཱ་ཅིག་ཐོན་ཏེ་ འགྱོ་མ་ཚུགསཔ་ལས་ ཁོ་གི་ཚབ་སྦེ་ རྩ་ཁམས་དྲུང་འཚོ་དེ་ བཏང་ཡོདཔ་ཨིན་པས།
ཌོག་ཊར་དེ་ལུ་ འཛོལ་བ་ཟེར་རུང་ ལྟ་སྐོར་འགོ་འདྲེན་འཐབ་མི་ བཀྲམ་སྤེལ་བ་ལས་ ཡུ་རོ་༡,༥༠༠ ལེན་ནི་དེ་གིས་ གསུག་འབུལ་གྱི་ ཉེས་འཛུགས་ཕོག་མི་དེ་ རྒུད་ཤོས་ཅིག་ཨིན་པས།
དེ་གི་ཤུལ་ལས་ རྒྱ་ནག་ལུ་ ལྟ་སྐོར་ལས་རིམ་འགོ་འདྲེན་འཐབ་མི་དེ་ནང་ སོའི་དྲུང་འཚོ་དང་ རིན་བསྡུར་ཚོགས་ཆུང་གི་ འཐུས་མི་གཞན་ཚུ་ སོང་ཡོདཔ་ད་ དེ་བསྒང་ཡང་ གཞུང་འབྲེལ་ལྟ་སྐོར་སོང་མི་ཚུ་གི་ བཞེས་སྒོ་དང་ ཟ་ཁང་ནང་ ཉལ་ནི་གི་ ཟད་འགྲོ་ཚུ་ བཀྲམ་སྤེལ་བ་དེ་གིས་ བཏང་ཡོདཔ་མ་ཚད་ མི་རེ་ལུ་ ཉིན་འཐུས་བཟུམ་ཅིག་སྦེ་ ཉིན་གྲངས་༡༠ ལུ་ ཡུ་ཨེསི་ཌོ་ལར་༡,༥༠༠ རེ་ སྤྲོད་ཡོདཔ་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ ལྟ་སྐོར་གཉིས་ཆ་རའི་ནང་ གསོ་བའི་བརྟག་དཔྱད་འཕྲུལ་བཟོ་ཁང་ནང་ དུས་ཡུན་ཆུ་ཚོད་༢ ལས་བརྒལ་ བརྟག་དཔྱད་འབད་དགོཔ་མེད་རུང་ ཉིན་གྲངས་༡༠ གྱི་ ལྟ་སྐོར་ལས་རིམ་བཟོ་ནུག་ཟེར་ཨིན་པས།
དེ་གི་ཤུལ་ལས་ ཌོག་ཊར་ཅིག་གིས་ བཀྲམ་སྤེལ་བ་ལས་ ནང་གསུག་དངུལ་ཀྲམ་ས་ཡ་༠.༥ དེ་ཅིག་ ལེན་ཡོདཔ་མ་ཚད་ རིན་བསྡུར་ཚོགས་ཆུང་གི་ འཐུས་མི་ལ་ལུ་ཅིག་གིས་ གནད་དོན་ཁག་སོ་སོའི་ནང་ གསུག་འབུལ་ཚུ་ ལེན་ནུག་ཟེར་ཨིན་པས།
ལྟ་སྐོར་ལུ་བརྟེན་ཏེ་ བཀྲམ་སྤེལ་བ་དེ་གིས་ གནས་གོང་དངུལ་ཀྲམ་ས་ཡ་༢༠༠ དེ་ཅིག་གི་ སྨན་རིགས་དང་ གསོ་བའི་མཁོ་ཆས་བཀྲམ་སྤེལ་གྱི་ རིན་བསྡུར་ནང་ལས་ དངུལ་ཀྲམ་ས་ཡ་༡༨༠ དེ་ཅིག་གི་ ལཱ་ཐོབ་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༠༩ ཟླཝ་༩ པའི་ནང་ ཞིབ་དཔྱད་འབད་ནི་ འགོ་བཙུགས་པའི་ཤུལ་ལས་ བི་ཀཱསི་བཀྲམ་སྤེལ་བ་གིས་  བཀྲམ་སྤེལ་འབད་ནི་ཨིན་མི་ གསོ་བའི་མཁོ་ཆས་༤༣༠ དེ་ཅིག་དང་ དངུལ་ཀྲམ་ས་ཡ་༥.༢ དེ་ཅིག་གི་ སྨན་རིགས་ཚུ་ བཀག་ཆ་འབད་དེ་ བཞག་ཡོདཔ་ཨིན་པས།
གཞུང་གི་ཁ་ཐུག་ལས་ ཉེས་བཤེར་འབད་མི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཌོག་ཊར་༣ ལུ་ ནང་གསུག་དང་འབྲེལ་བའི་ ཉེས་འཛུགས་འབད་ཡོད་མི་གིས་མ་ཚད་པར་ བདག་སྐྱོང་དང་ དངུལ་རྩིས་འགོ་དཔོན་དང་ མཁོ་སྒྲུབ་འགོ་དཔོན་ མཛོད་ཁང་གི་འགོ་དཔོན་ལ་སོགས་པའི་ འབྲེལ་ཡོད་འགོ་དཔོན་གཞན་དག་པ་ཅིག་ལུ་ སྨན་རིགས་མཁོ་སྒྲུབ་ཀྱི་ བྱ་རིམ་ནང་ གཡོ་སྒྱུ་ལག་ལེན་དང་ མགུ་སྐོར་ དབང་ཚད་ལོག་སྤྱོད་ གསུག་འབུལ་ལ་སོགས་པའི་ ཉེས་འཛུགས་འབད་དེ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ཏེ་ཡོདཔ་ཨིན་པས།
ད་ལྟོ་ སྙན་གསན་འགོ་མ་བཙུགས་པར་ཡོདཔ་ད་ ད་རེས་ནངས་པ་ སྨན་ཁང་ནང་ དྲུང་འཚོ་མཁས་མཆོག་ཚུ་ ལངམ་མེད་མི་ལུ་བརྟེན་ ཁ་ཉེས་ཕོག་མི་ ཌོག་ཊར་ཚུ་ ཁྲིམས་དཔྱད་སྐབས་ ཁོང་རའི་ ལཱ་གཡོག་ནང་ལས་ དགོངས་ཕོག་བཏོན་མ་གནང་ཟེར་ གསོ་བའི་ལྷན་ཁག་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཞུ་བ་འབད་དོ་ཟེར་ གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་ བཤདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment