གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྱེམ་གྱི་གོང་ཚད་ ཡར་སེང་འགྱོ་བའི་དཀའ་ངལ།

༉ འབྲུག་གི་ བཟོ་སྐྲུན་གྱི་ལཱ་ནང་ རྩི་ས་མ་ལང་པའི་ དཀའ་ངལ་བྱུང་མི་དེ་ བསལ་ཚུགས་རུང་ ད་རེས་ནངས་པ་ བྱེམ་གྱི་གོང་ཚད་ ཡར་སེང་སོང་བའི་དཀའ་ངལ་བྱུང་དོ་ཟེར་ ཐིམ་ཕུའི་ཁག་འབགཔ་ཚུ་གིས་ བཤདཔ་ཨིན་པས།


རང་བཞིན་སླར་འབྱུང་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ འགོ་དཔོན་ཅིག་གིས་སླབ་མིའི་ནང་ ཐིམ་ཕུ་ལུ་ བཟོ་སྐྲུན་གྱི་ལཱ་ ཁག་ལེ་ཤ་ཅིག་ འབད་བའི་བསྒང་ཡོདཔ་བཞིན་དུ་ བྱེམ་ལུ་ མཁོ་འདོད་བཀོད་མིའི་གྱངས་ཁ་ཚུ་ རྒྱ་ཆེ་དྲགས་སྦེ་ར་ ཡར་སེང་སོང་ནུག་ཟེར་ཨིན་པས།
ལས་འཛིན་གྱིས་ མཁོ་འདོད་ཚུ་ སྒྲུབ་ཐབས་ལུ་ ལཱ་ཚུ་རྩ་འགེངས་ཏེ་ འབད་དོ་ཡོདཔ་ཨིན་རུང་ སྤུ་ན་ཁ་ ཚོགས་འཁོར་ནང་ བྱེམ་བཏོན་སའི་ས་ཁོངས་ནང་ བྱེམ་ཚུ་ རྫོགས་སོང་མི་ལུ་བརྟེན་ གོང་ཚད་ཚུ་ ཡར་སེང་སོང་ཡི་ཟེར་ཨིན་པས།
བཟོ་སྐྲུན་གྱི་ལཱ་འབད་མི་ཚུ་ལུ་ གདམ་ཁ་གཞན་མེདཔ་ལས་ ཁོང་གིས་ ཚུལ་མིན་ཐོག་ལས་ བྱེམ་འབག་མི་ཚུ་ལས་ ཉོ་དོ་ཡོད་པའི་ཁར་ ལྕང་ཟམ་ཏོག་ལུ་ སྒྲིང་ཁྱིམ་ཐོག་ཚད་༥ འབད་མི་ཅིག་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ མགྲིན་ཚབ་ཅིག་གིས་འབད་བ་ཅིན་ འདས་པའི་བདུན་ཕྲག་ལས་ བྱེམ་མ་ཐོབ་པའི་ དཀའ་ངལ་རྐྱངམ་གཅིག་མེན་པར་ ཚུལ་མིན་ཐོག་ལས་འབག་འོང་མི་ཚུ་ལས་ ཉོ་འདྲེན་འབདཝ་ད་ཡང་ རིན་གོང་ཚུ་ ཐེབས་སྤྲོད་དགོ་པས་ ཟེར་ཨིན་པས།
འདས་པའི་ཟླཝ་ན་འབད་བ་ཅིན་ ཐིམ་ཕུ་ལུ་ བྱེམ་ཊག་རེ་ལུ་ དངུལ་ཀྲམ་༥,༠༠༠ དང་༧,༠༠༠ རེ་སྦེ་ ཐོབ་རུང་ ད་རེས་ཟླཝ་གི་ སྔ་ཆ་ལས་འགོ་བཙུགས་ དངུལ་ཀྲམ་༡༠,༠༠༠ དང་༡༢,༠༠༠ རེ་ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
ཚོགས་འཁོར་ནང་བྱེམ་ཚུ་ རྫོགས་པའི་ཤུལ་ལུ་ ལས་འཛིན་གྱིས་ སྤུ་ན་ཁའི་ས་གནས་ མེ་འཚིག་ཅན་དང་ ཆུ་ཟ་དོང་ཚུ་ནང་ལས་ བཏོན་ཆོག་པའི་ གནང་བ་ལེན་ཡོདཔ་ཨིན་པས།
ལས་འཛིན་གྱི་ འགོ་དཔོན་ཅིག་གིས་སླབ་མིའི་ནང་ གོང་ཚད་ཀྱི་ཐད་ལུ་ལྷོདཔ་ད་ བྱེམ་མེ་ཊིག་ཊཱོན་༡༠ རེ་ལུ་ རིན་གོང་དངུལ་ཀྲམ་༨༨༠ དང་ ལམ་གྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ ཐིམ་ཕུ་ཚུན་ལུ་ སྐྱེལ་འདྲེན་གྱི་གླ་ཆ་ ༧,༣༧༠ རེ་སྦེ་ བཟོ་ཡོད་ཟེར་ཨིན་པས།
ལས་འཛིན་གྱིས་བཟོ་མི་ གོང་ཚད་དང་འཁྲིལཝ་ད་ གལ་སྲིད་ བྱེམ་ཚུ་ ལས་འཛིན་གྱི་ ས་ཁོངས་ནང་ལས་ ཉོ་ཉོཝ་ཨིན་པ་ཅིན་ ཐིམ་ཕུ་ལུ་ བྱེམ་མེ་ཊིག་ཊཱོན་༡༠ རེ་ལུ་ རིན་གོང་དངུལ་ཀྲམ་༨,༢༥༠ དང་༨,༦༧༦ རེ་སྦེ་ བཙོང་དགོཔ་ཨིན་པས།
ལས་འཛིན་གྱི་ ཚོང་འབྲེལ་འཛིན་སྐྱོང་པ་ སངས་རྒྱས་རྒྱལ་མཚན་གྱིས་འབད་བ་ཅིན་ བཟོ་སྐྲུན་གྱི་ལཱ་འབད་མི་ ལ་ལུ་ཅིག་གིས་ བྱེམ་གྱི་གོང་ཚད་ཡར་སེང་ལུ་བརྟེན་ བཟོ་སྐྲུན་གྱི་ཟད་འགྲོ་ཚུ་ ཡར་སེང་སོང་ཡོད་པའི་སྐོར་ལས་ ཉོགས་བཤད་ཚུ་བཀོད་རུང་ ཡིག་ཐོག་ལུ་ ཉོགས་བཤད་བཀོད་མི་ མ་ཐོནམ་ལས་ འདི་ལུ་འབད་ཐབས་མིན་འདུག་ཟེར་ཨིན་པས།
ལས་འཛིན་གྱི་ འགོ་དཔོན་གཞན་ཅིག་གིས་འབད་བ་ཅིན་ དེ་གི་སྐོར་ལས་ ལྟ་རྟོག་འབད་ནི་དེ་ ལས་འཛིན་གྱི་གཱན་ཁུར་ཡང་ མེན་ཟེར་ཨིན་པས།
སྤུ་ན་ཁ་ལས་ ཐིམ་ཕུ་ལུ་ བྱེམ་འབག་འོང་མི་ ཊཱག་གི་ དེད་གཡོགཔ་ཅིག་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ བྱེམ་ཊཱག་རེ་ལུ་ དངུལ་ཀྲམ་༡༠,༠༠༠ རེ་སྦེ་ བཙོང་དོ་ཟེར་ཨིནམ་ད་ དེ་ཡང་ ས་གནས་ནང་ བྱེམ་ཐོབ་མ་ཚུགས་པའི་ དཀའ་ངལ་སྦོམ་ཡོདཔ་ལས་ དུས་ཡུན་ལེ་ཤ་ འགོར་དོ་ཡོད་མི་གིས་མ་ཚད་ ལམ་གྱི་གནས་སྟངས་ཡང་ སྐྱོ་དྲགས་ཡོད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
དེད་གཡོགཔ་གཞན་ཅིག་གིས་འབད་བ་ཅིན་ ཁོང་གིས་ འཕྲལ་འཕྲལ་སྦེ་ སྤུས་ཚད་ཅན་གྱི་ བྱེམ་ཚུ་ ཐོབ་མ་ཚུགས་ནི་དེ་གིས་ ཉོ་འདྲེན་འབད་མི་གིས་ སྤུས་ཚད་ལེགས་ཤོམ་མེད་པའི་སྐོར་ལས་ཉོགས་བཤད་བཀོད་མུ་ལུ་བརྟེན་ གོང་ཚད་མར་ཕབ་འབད་དེ་ བཙོང་དགོཔ་བྱུངམ་མས་ཟེར་ཨིན་པས།
ལས་འཛིན་གྱི་འགོ་དཔོན་ཚུ་གིས་འབད་བ་ཅིན་ བཟོ་སྐྲུན་གྱི་ལཱ་འབད་མི་ གཞུང་དང་ སྒེར་ག་ར་ཨིན་རུང་ ཡིག་ཆ་ཚུ་ ཆ་ཚང་ལེན་པའི་ཤུལ་ལུ་ བྱེམ་བསྡུ་ལེན་འབད་ནིའི་ ཆོག་ཐམ་སྤྲོད་དོ་ཟེར་ཨིནམ་ད་ དེ་གི་སྐབས་སུ་ ཚད་གཞི་ཚུ་ བཟོ་ནི་མེད་ཟེར་ཨིན་པས།
ན་ཧིང་གི་ལོ་ནང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལས་འཛིན་གྱིས་ བྱེམ་ཊཱག་དོས་༣༢,༠༠༠ བཀྲམ་སྤེལ་འབད་ཡོདཔ་ད་ དུས་ཅི་ ཊཱག་དོས་༡༧,༠༠༠ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།
བྱེམ་བཏོན་ནིའི་དུས་ཚོད་དེ་ སྤྱི་ཟླ་༡༢ པ་ལས་འགོ་བཙུགས་ ཆར་ཆུའི་དུས་ཚོད་མ་རན་ཚུན་དང་ ཡང་ཅིན་ ས་གནས་ནང་ བྱེམ་ཚུ་ མ་རྫོགས་ཚུན་ འགོ་འདྲེན་འཐབ་དོ་ཟེར་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment