གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐད་ཡིག་གི་ གནད་དོན་ཐོག་ལུ་གྲོས་བསྡུར།

 ༢༣/༥/༢༠༡༢

སྐད་ཡིག་གི་ གནད་དོན་ཐོག་ལུ་ གྲོས་བསྡུར་འབད་མི་ ཌོག་ཊར་ཀརྨ་ཕུན་ཚོགས་དང་ སློབ་དཔོན་ཀུན་བཟང་འཕྲིན་ལས།
༉ ཁ་ཙ་ ཏཱ་ར་ཡ་ནའི་ཞལ་འཛོམས་ཁང་ནང་ རྩོམ་རིག་དུས་སྟོན་བརྩི་སྲུང་གི་ གངས་རི་བག་ཅའི་ལས་རིམ་ཉིནམ་༢ པའི་ ལས་རིམ་༢ པའི་ནང་ ཌོག་ཊར་ཀརྨ་ཕུན་ཚོགས་དང་ རྫོང་ཁའི་མཁས་མཆོག་ ལམ་སྲོལ་དང་ ལོ་རྒྱུས་ཀྱི་ ཞིབ་འཚོལ་ལུ་ གཙོ་བོར་བཏོན་མི་ཅིག་ཨིན་མི་ སློབ་དཔོན་ཀུན་བཟང་འཕྲིན་ལས་༢ ཀྱིས་ རང་གི་སྐད་ཡིག་ཟེར་བའི་ དོན་ཚན་ཐོག་ལུ་ ཉམས་མྱོང་དང་འབྲེལ་བའི་ གྲོས་བསྡུར་འབད་ཡི།


མ་གཞི་ གྲོས་བསྡུར་དེ་ གཙོ་བོ་ར་ སློབ་དཔོན་ཀུན་བཟང་འཕྲིན་ལས་ཀྱིས་ ཉམས་མྱོང་དང་འབྲེལ་བའི་ རྫོང་ཁའི་སྐད་ཡིག་དང་ དེ་ལས་ རྩོམ་འབྲི་གི་ གནས་སྟངས་ཚུ་གི་སྐོར་ལས་ གྲོས་བསྡུར་བྱུང་ཡོདཔ་ཨིན་རུང་ གྲོས་བསྡུར་དེ་གི་ཐོག་ལུ་ ཌོག་ཊར་ཀརྨ་ཕུན་ཚོགས་ཀྱིས་ སྐད་ཡིག་གི་རྒྱབ་ཁུངས་ཚུ་ བཤད་མའི་ནང་ སྐད་ཡིག་དེ་ འགྲོ་བ་མིའི་རྩོམ་རིག་དང་འབྲེལ་བའི་ ཐོན་སྐྱེད་ཅིག་ཨིན་ཟེར་བཤད་ཅི།
ཁོ་གིས་བཤད་མིའི་ནང་ དེ་བཟུམ་མའི་ རྩོམ་རིག་གི་ཁྱད་ཆོས་དེ་ འགྲོ་བ་མིའི་ རིག་རྩལ་བཟུམ་ཅིག་ཨིནམ་མ་ཚད་ སྐད་ཡིག་གོང་འཕེལ་གྱི་གནས་སྟངས་ལུ་ དབྱེ་དཔྱད་འབད་དེ་ བལྟ་བ་ཅིན་ ང་བཅས་མི་གིས་ ཡི་གུའི་ཚིག་འབྲུ་རེ་ལུ་ དབྱེ་དཔྱད་ག་དེ་སྦེ་འབད་དེ་ སྐད་ཡིག་གོང་འཕེལ་བཏང་ནུག་ག་ ཧ་གོ་ཚུགས་པས་ཟེར་ཨིན་པས།
རྒྱ་འབྲུག་གི་ ནང་པའི་རིག་གཞུང་གི་ ལྟ་བ་དང་འཁྲིལ་བ་ཅིན་ སྐད་ཡིག་དེ་ ལྷ་གིས་བཟོ་བཟོཝ་ཅིག་མེན་ཟེར་ཨིནམ་ད་ ནང་པའི་མཁས་དབང་ཚུ་གིས་ སྐད་ཡིག་དེ་ བརྡ་བྱེད་མཁན་པོ་ ང་བཅས་མི་གིས་ར་ བཟོ་བཟོ་བའི་གྲུབ་འབྲས་ཅིག་ཨིནམ་མ་གཏོགས་ ལྷ་གིས་བཟོ་བཟོཝ་ཨིན་པའི་ ཁས་ལེན་མེད་ཟེར་བཤད་ཅི།
ཌོག་ཊར་ཀརྨ་གིས་འབད་བ་ཅིན་ ད་ལྟོ་ འབྲུག་གི་སྐད་ཡིག་ཚུ་ ཚུལ་མཐུན་གྱི་ཡིག་ཆ་ སྐད་ཡིག་དེ་ཅིག་ཡོད་ཟེར་ གཏན་འཁེལ་བཟོ་སྟེ་མེདཔ་ད་ གཞན་ཕྱིའི་ཞིབ་འཚོལ་བ་ཚུ་གིས་ འབྲུག་ལུ་ སྐད་ཡིག་མ་འདྲཝ་ཡོད་ཚུལ་ནང་ གྱངས་ཁ་སོ་སོར་སྦེ་ཡོད་རུང་ ཁོ་གིས་འབད་བ་ཅིན་ འབྲུག་ལུ་སྐད་ཡིག་མ་འདྲཝ་༢༣ ཡོདཔ་ད་ དེ་ནང་ལས་༡༦ དེ་ ས་གནས་ཀྱི་ཁ་སྐད་གཞན་ ག་དང་ཡང་མ་འདྲཝ་སྦེ་ ཡོད་ཟེར་ཨིན་པས།
སློབ་དཔོན་ཀུན་བཟང་དེ་ འབྲུག་ལུ་ རྫོང་ཁའི་ནང་ རྩོམ་འབྲི་འབད་མི་ ཡོངས་གྲགས་ཅན་ཅིག་ཨིནམ་ད་ ཁོ་གིས་ ཞབས་ཁྲ་དང་ དེ་ལས་ ཞིབ་འཚོལ་དང་འབྲེལ་བའི་ལོ་རྒྱུས་ཀྱི་ ཀི་དེབ་ཚུ་ ལེ་ཤ་ཅིག་ར་ བྲིས་ཡོདཔ་ད་ ཁོ་ར་ ཧེ་མ་རྫོང་ཁའི་སློབ་དཔོན་འབད་སྡོད་ཡོད་མི་ཅིག་ཨིནམ་ལས་ ཁོ་གིས་འབད་བ་ཅིན་ རྫོང་ཁའི་སྐད་ཡིག་ནང་ ཁ་སླབ་ཐངས་ཀྱི་ སྐད་ཡིག་དེ་གོང་འཕེལ་སོང་རུང་ འབྲི་ལྷག་ སྐད་ཡིག་གི་གནས་སྟངས་དེ་ མར་ཉམས་འགྱོ་བའི་མཐོང་གསལ་བྱུངམ་མས་ཟེར་བཤད་ཅི།
ཁོ་གིས་ ཉམས་མྱོང་ཅིག་ གསལ་བཀོད་འབད་མིའི་ནང་ ཧེ་མ་ ཁོ་གི་སློབ་ཕྲུག་གི་གྲས་ལས་ རྫོང་ཁའི་འབྲི་ལྷག་གི་ ཤེས་ཡོན་ནང་ ག་ནི་བ་ མཁསཔ་འབད་མི་ཚུ་ ད་རེས་ནངས་པ་ རྫོང་ཁའི་འབྲི་ལྷག་གི་ ཤེས་ཡོན་དེ་ མར་ཉམས་སོང་ཡོད་པའི་ མཐོང་གསལ་བྱུངམ་མས་ཟེར་ཨིན་པས།
འབྲུག་གི་སྐད་ཡིག་རྫོང་ཁ་དེ་ ལྷན་ཁག་སོ་སོའི་ དྲུང་ཆེན་མང་ཤོས་ཅིག་གིས་ར་ འབྲི་ལྷག་གིས་མ་ཚད་ ཁ་སླབ་ནི་ལུ་ཡང་ དཀའ་ངལ་ཡོདཔ་ལས་ ད་ཚུན་ གཞུང་འབྲེལ་ནང་ རྫོང་ཁའི་ལག་ལེན་དེ་ གོང་འཕེལ་འགྱོ་མ་ཚུགས་པར་ ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment