གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨུ་རའི་ལུང་གཤོང་ནང་ ཕྱགས་བདར་ལས་རིམ།

ཨུ་རཔ་ཚུ་ ཁོང་རའི་ས་གནས་ནང་ ཕྱགས་སྙིགས་རག་རོ་ཚུ་ བསྡུ་བསྒྱོམ་འབད་བའི་བསྒང་།
༉ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ བུམ་ཐང་ཨུ་ར་འབྲིང་རིམ་སློབ་གྲྭ་བར་མ་དང་ གཡུས་མི་ཚུ་རྩིས་ཏེ་ མི་གྲངས་༤༥༠ ལྷགཔ་ཅིག་གིས་ ཨུ་རའི་ལུང་གཤོང་ ཕྱགས་བདར་རྐྱབ་སྟེ་ ཧིང་སངས་ས་ བཟོ་ཡོདཔ་ཨིན་པས།
དེ་བསྒང་ ཕྱགས་སྙིགས་སྣུམ་འཁོར་ཊཱག་གི་ དོས་༡ དེ་ཅིག་ བསྡུ་བསྒྱོམ་འབད་ཡོདཔ་ད་ ཕྱགས་བདར་ལས་རིམ་དེ་ཡང་ ཨུ་ར་ལུ་ གཞུང་མིན་ལས་ཚོགས་ རིཌ་ བུ་ཊཱན་གྱིས་ སྤྱི་ལོ་༢༠༡༠ ལུ་ རིཌ་ལྟེ་བ་དང་པ་ གཞི་བཙུགས་འབད་དེ་ ལོ་༢ འཁོར་བའི་ དུས་སྟོན་བརྩི་སྲུང་འབད་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།



རིཊ་བུ་ཊཱན་གྱི་ ལས་རིམ་འགོ་དཔོན་ སྐལ་བཟང་ཆོས་སྒྲོན་གྱིས་འབད་བ་ཅིན་ འཕྱག་སྙིགས་འཛིན་སྐྱོང་གི་ ལས་རིམ་དེ་ ད་ལས་ཕར་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་ནི་དང་ དུས་ཅི་ སྤྱི་ཟླ་༧ པའི་ ཟླ་ཕྱེད་ལས་ ས་གནས་ཀྱི་དོན་ལུ་ ཕྱགས་སྙིགས་ཀྱི་རིགས་ཚུ་ དབྱེ་བ་ཕྱེ་ཞིནམ་ལས་ བཀོ་སའི་ཧོད་༢ བགོ་བཀྲམ་འབད་ནི་ཟེར་ཨིན་པས།
ད་ལྟོ་ ཧོད་ཚུ་ མཁོ་སྒྲུབ་འབད་ནིའི་ ལཱ་འབད་བའི་བསྒང་ཡོདཔ་བཞིན་དུ་ ཤུལ་ལས་ ཕྱགས་སྙིགས་ཚོང་འབྲེལ་འཐབ་མི་ཚུ་དང་ གྲོས་བསྟུན་འབད་ནི་ཨིནམ་བཞིན་དུ་ ཚོང་འབྲེལ་འཐབ་ཐོག་ལས་ འོང་འབབ་བཟོ་མི་ཚུ་ དེ་བཟུམ་མའི་ ཕྱགས་སྙིགས་འཛིན་སྐྱོང་གི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་ཟེར་ མོ་གིས་ སླབ་ཨིན་པས།
ཨིན་རུང་ ཕྱགས་སྙིགས་བཀོ་སའི་ཧོད་ཚུ་ གཞི་བཙུགས་འབད་མ་ཚར་ཚུན་ བསྡུ་བསྒྱོམ་འབད་མི་ ཕྱགས་སྙིགས་ཚུ་ ལྕམ་མཁར་གྱི་ ཕྱགས་སྙིགས་བཀོ་སའི་ ས་ཁོངས་ནང་ བཀོ་ནི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ཨུ་ར་ལུང་གཤོང་གི་ སྦུག་ལས་མར་འབབ་མི་ རོང་ཆུ་ནང་ གོ་ལ་ར་རྡུག་དང་ ཆུ་ཤོག་ དེ་ལས་ གྱིབ་ཀྱི་དམ་སྦྱིས་ཚུ་ ལེ་ཤ་ཅིག་ར་ བཀོག་ཡོད་མི་ལུ་བརྟེན་ ཁམས་ལོག་སི་སི་ ཐལ་དོ་ཡོདཔ་ལས་ ཕྱགས་བདར་ལས་རིམ་གྱི་སྐབས་ལུ་ དེ་ཚུ་ཡང་ བསྡུ་བསྒྱོམ་འབད་ཡི་ཟེར་ཨིན་པས།
ལས་སྡེའི་འགོ་དཔོན་ ངག་དབང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཨུ་རའི་ཆུ་དེ་ གཙང་ཏོག་ཏོ་འབད་ནི་དེ་གིས་ འཐུང་ཆུ་སྦེ་ ལག་ལེན་འཐབ་བཏུབ་ཨིན་རུང་ ད་རེས་ ཁམས་ལོག་སི་སི་ཐལ་ཡོདཔ་ལས་ ལེགས་བཅོས་འབད་ནི་དེ་ གལ་ཆེ་བས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུ་དེ་ ཨུ་ར་འབྲིང་རིམ་སློབ་གྲྭ་བར་མ་གིས་ རྩིས་ལེན་ཡོདཔ་བཞིན་དུ་ ད་ལས་ཕར་ འཕྲལ་འཕྲལ་སྦེ་ར་ འཛིན་སྐྱོང་དང་ ཕྱགས་བདར་ཚུ་ འགོ་འདྲེན་འཐབ་འོང་ཟེར་ཨིན་པས།
ཨུ་ར་སྦས་ཤར་ཤོང་དཔེ་མཛོད་ཁང་ནང་ལས་ ད་ལྟོ་ཚུན་ མི་གྲངས་༡༢,༠༠༠ དེ་ཅིག་གིས་ ཞབས་ཏོག་ ལག་ལེན་འཐབ་ཡོདཔ་ད་ དེ་གི་གྲས་ལས་ མང་ཤོས་ར་ ཁྲུམ་ཤིང་ལ་རྒྱལ་ཡོངས་གླིང་ཁའི་ ལས་བྱེདཔ་དང་ ཨུ་ར་འབྲིང་རིམ་སློབ་གྲྭའི་ སློབ་དཔོན་དང་ སློབ་ཕྲུག་ དེ་ལས་ གཡུས་མི་ཚུ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ དཔེ་མཛོད་ཁང་དེ་ནང་ དཔེ་དེབ་ཚུ་མ་རྩིས་བར་ བརྡ་དོན་འཕྲུལ་རིག་གི་དོན་ལུ་ གློག་རིག་ཀམ་པུས་ཊར་དང་ གློག་བརྙན་བལྟ་ནིའི་ མཐུན་རྐྱེན་ཚུ་ཡང་ཡོད་ཟེར་ཨིནམ་ད་ ད་ལྟོ་ དཔེ་དེབ་༣༠,༠༠༠ དེ་ཅིག་ཡོད་པའི་གྲས་ལས་ བརྒྱ་ཆ་༣༠ དེ་ཅིག་ དཔེ་ཆ་དང་ རྣམ་ཐར་ དེ་ལས་ རྫོང་ཁའི་དཔེ་དེབ་ཚུ་ཨིནམ་ལས་ ཉེ་འདབས་ཀྱི་ གཡུས་མི་ཚུ་གིས་ཡང་ སྤྲོ་བ་བསྐྱེད་དེ་ འོངམ་མས་ཟེར་ སླབ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment