གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩི་ས་བུ་ལོན་ཐོག་ལུ་བཙོང་བའི་ དངུལ་འབོར་ས་ཡ་༣༩.༩༥༩ ཡོདཔ།

ལས་འཛིན་ཚུ་གི་གྲས་ལས་ དཔལ་ལྡན་རྩི་ས་དབང་འཛིན་ནང་ ཚུལ་མཐུན་ལག་ལེན་མེད་པའི་ དངུལ་ཀྲམ་ས་ཡ་༥༧.༤ རྩིས་སྒྲིག་མ་འབད་བར་ ལུས་མི་དེ་ དངུལ་འབོར་མཐོ་ཤོས་ཅིག་ཨིན་མས།


༉ བསམ་རྩེ་སྒོམ་ཀྲུ་ལུ་ཡོད་མི་ དཔལ་ལྡན་རྩི་ས་དབང་འཛིན་གྱིས་ ནིའུ་ལྡི་ལི་ལུ་ རྒྱལ་ཡོངས་གློག་མེ་ལས་འཛིན་ ཨེན་ཨེཆ་པི་སི་ཨེལ་ལུ་ རྩི་ས་ཚུ་ བུ་ལོན་ཐོག་ལུ་བཙོང་པའི་ རིན་དངུལ་ས་ཡ་༣༩.༩༥༩ བསྡུ་ལེན་མ་འབད་བར་ ལུས་མི་དེ་གིས་ རྩིས་སྒྲིག་མ་འབད་བའི་ དངུལ་འབོར་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༥༧.༤༠༢ ཐོན་མི་དེ་ ལས་འཛིན་དང་ དངུལ་འབྲེལ་ལས་ཁང་ གཞུང་མིན་ལས་ཚོགས་ སྲིད་དོན་ཚོགས་པ་ཚུ་གི་གྲས་ལས་ མཐོ་ཤོས་ཅིག་ཨིནམ་སྦེ་ སྤྱི་ལོ་༢༠༡༡ གི་ ལོ་བསྟར་རྩིས་ཞིབ་སྙན་ཞུའི་ནང་ གསལ་བཀོད་འབད་ནུག།



དེ་གི་འོག་ལས་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ དངུལ་ཀྲམ་ས་ཡ་༤༦.༥༦༨ གསལ་བཀོད་འབད་མི་དེ་ ཨང་༢ པ་ཨིན་པས།
རྩིས་ཞིབ་སྙན་ཞུ་དང་འཁྲིལཝ་ད་ དབང་འཛིན་གྱིས་ ཨེན་ཨེཆ་པི་སི་ཨེལ་ལས་སྡེ་ལུ་ རྩི་ས་བཙོང་པའི་ རིན་དངུལ་བསྡུ་ལེན་མ་འབད་བར་ལུས་མི་ བུ་ལོན་ལ་ལུ་ཅིག་ ལོ་ངོ་༡༠ ལང་སོ་ནུག་ཟེར་ཨིནམ་ད་ བུ་ལོན་བསྡུ་ལེན་མ་འབད་བར་ལུས་མིའི་ འགན་འཁྲི་དེ་ དཔལ་ལྡན་རྩི་ས་དབང་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ བཀྲིས་ཚེ་རིང་དང་ ཚོང་འབྲེལ་འཛིན་སྐྱོང་པ་ ཤེས་རབ་བསྟན་འཛིན་གཉིས་ལུ་ འགན་འཁྲི་བཀལ་ནུག།
འཛིན་སྐྱོང་མདོ་ཆེན་ བཀྲིས་ཚེ་རིང་གིས་ སླབ་མིའི་ནང་ ཨེན་ཨེཆ་པི་སི་ཨེལ་ལས་སྡེ་ལས་ བུ་ལོན་བསྡུ་ལེན་འབད་ནིའི་དོན་ལུ་ རྗེས་དཔྱད་འབད་བཞིན་དུ་ཡོདཔ་མ་ཚད་ འགོ་ཐོག་སྐབས་ དངུལ་ཀྲམ་ས་ཡ་༤༤ ལེན་ནི་ཡོད་རུང་ འདས་པའི་ལོ་ངོ་༢ ནང་ དངུལ་ཀྲམ་ས་ཡ་༢༥ དེ་ཅིག་ལུ་ མར་བབས་སོང་ཡོད་ཟེར་ཨིནམ་ད་ རྩོད་དོན་དེ་ ལོ་ངོ་ལེ་ཤ་སོང་ཡོདཔ་མ་ཚད་ འདས་པའི་ལོ་ཚུ་ནང་ འགོ་འཛིན་མང་རབས་ཅིག་ སོར་མི་ལུ་བརྟེན་ རྩིས་སྒྲིག་འབད་ཚུགས་པར་ ལཱ་ཁག་འདུག་ཟེར་ ཁོ་གིས་ སླབ་ཨིན་པས།
དེ་ལས་ ལག་ལེན་ཚུལ་མཐུན་མེད་པའི་ དངུལ་འབོར་བསྡོམས་ ས་ཡ་༥༧.༤༠༢ ལས་ གཡོ་སྒྱུ་དང་ ངན་ལྷད་ལག་ལེན་ ལྐོག་ཟའི་གྲངས་སུ་ཚུད་མི་ ཚུལ་མིན་འཛིན་སྐྱོང་ལུ་བརྟེན་ དངུལ་ཀྲམ་ས་ཡ་༣.༠༦༩ རྩིས་སྒྲིག་མ་འབད་བར་ ལུས་ཡོད་མི་དེ་ཡང་ བཀྲམ་སྤེལ་བ་ཚུ་གིས་ སྤུས་ཚད་དང་མ་ལྡན་པའི་ རྡོ་སོལ་བཀྲམ་སྤེལ་འབད་མི་ལུ་ དབང་འཛིན་གྱིས་ ཉེས་ཆད་དངུལ་ཀྲམ་ས་ཡ་༢.༣༨༠ མ་བཀལ་བའི་ཁར་ བཀྲམ་སྤེལ་བ་སོ་སོ་གིས་ ཁག་འབག་གི་ ཁ་ཚིག་ལས་འགལ་ཏེ་ རྡོ་སོལ་ལངམ་སྦེ་ བཀྲམ་སྤེལ་བ་འབད་བའི་ ཉེས་ཆད་དངུལ་ཀྲམ་ས་ཡ་༠.༦༨༩ མ་བཀལ་བས་ཟེར་ཨིན་པས།
གནད་དོན་དེ་ནང་ དཔལ་ལྡན་རྩི་ས་དབང་འཛིན་དང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་བར་ན་ རྩིས་རྐྱབ་ཐངས་ཀྱི་ ཁྱད་པར་ཡོད་མི་ལུ་བརྟེན་ རྩིས་སྒྲིག་མ་འབདཝ་མས་ གསལ་བཀོད་འབད་ཡོདཔ་འོང་ནི་མས་ཟེར་ འཛིན་སྐྱོང་མདོ་ཆེན་གྱིས་ བཤདཔ་ཨིན་པས།
རྩིས་ཞིབ་སྙན་ཞུའི་ནང་ དབང་འཛིན་གྱིས་ དངུལ་ཀྲམ་ས་ཡ་༢.༧༨༧ དེ་ཅིག་ ལས་འཛིན་གྱི་ བགོ་བཤའ་འཆང་མི་ཚུ་ལུ་ བགོ་བཤའི་ཁེ་སང་ཚུ་ མ་སྤྲོད་པར་ བཞག་ཡོདཔ་ད་ གནད་དོན་ལ་ལུ་ཅིག་ནང་ སྤྱི་ལོ་༡༩༩༨ དང་༡༩༩༩ ལས་ར་ བགོ་བཤའི་ཁེ་སང་མ་སྤྲོད་པས་ཟེར་ཨིན་པས།
བཀྲིས་ཚེ་རིང་གིས་ དོགས་སེལ་འབད་མིའི་ནང་ དབང་འཛིན་གྱིས་ བགོ་བཤའི་ཁེ་སང་ མ་སྤྲོད་པར་ བཞག་བཞགཔ་མིན་པར་ བགོ་བཤའ་འཆང་མི་ཚུ་གིས་ ཐོབ་བརྗོད་བཀོད་པར་ ལུས་ཡོད་པའི་ མ་དངུལ་ཚུ་ཨིནམ་ལས་ བགོ་བཤའ་འཆང་མི་ཚུ་ ནམ་འོང་རུང་ སྤྲོད་ཆོག་ཆོ་ཡོད་ཟེར་ཨིན་པས།
ད་རུང་ རྩིས་ཞིབ་སྙན་ཞུའི་ནང་ བསམ་གྲུབ་ལྗོངས་མཁར་གྱི་ རྩི་སའི་མཛོད་ཁང་ནང་ རྩི་ས་མེ་ཊིག་ཊཱན་༥༣.༩༧ ཆད་ཐོན་ཡོདཔ་སྦེ་ གསལ་བཀོད་འབད་མིའི་ཐད་ལུ་ འཛིན་སྐྱོང་མདོ་ཆེན་གྱིས་འབད་བ་ཅིན་ དཔལ་ལྡན་རྩི་ས་དབང་འཛིན་གྱི་ ཁྲིམས་དོན་སྡེ་ཚན་གྱིས་ ཞིབ་དཔྱད་རྐྱབ་ཡོདཔ་ལས་ འཕྲལ་མགྱོགས་ར་ སྙན་ཞུ་བཏོན་འོང་ཟེར་ཨིན་པས།
དེ་མ་ཚད་ དབང་འཛིན་གྱིས་ རྩིས་སྒྲིག་མ་འབད་བའི་ དངུལ་འབོར་ནང་ དངུལ་ཀྲམ་ས་ཡ་༩.༦༩༢ རྩ་ཕན་སོ་སོ་ལས་ ལོག་མ་བཙུགས་པར་ ལུས་ནུག་ཟེར་ རྩིས་ཞིབ་སྙན་ཞུའི་ནང་ བཀོད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment