གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་༡ ལུ་ཤི་རྐྱེན་དང་ གཞན་མི་༢ ལུ་རྨ་སྐྱོན།

༢༣/༥/༢༠༡༢

ཁྲིམས་སྲུང་འགག་པ་གིས་ ད་ལྟོ་ ཕོ་སྐྱེས་༤ འཛིན་བཟུང་འབད་ཡོདཔ་བཞིན་དུ་ གཞན་མི་ཚུ་ འཚོལ་བའི་བསྒང་ཡོདཔ་ཨིན་པས།


༉ ཁ་ཙ་ ནུབ་མོའི་ཆུ་ཚོད་༡༢ དང་ སྐར་མ་༤༥ དེ་ཅིག་ཁར་ ཐིམ་ཕུ་ ལྕང་ཇི་ཇི་ཟམ་གྱི་ ཉེ་འདབས་ལུ་ ཕོ་སྐྱེས་ཅིག་ བསད་པའི་ཁར་ གཞན་མི་༢ ལུ་ རྨ་སྐྱོན་བཏོན་ཡོད་པའི་ རྐྱེན་ངན་ནང་ འབྲེལ་གཏོགས་འབད་མི་ ཕོ་སྐྱེས་སྡེ་ཚན་ཅིག་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།


དེ་ཡང་ སྐྱེས་ལོ་༢༠ དང་༢༥ འི་བར་ན་འབད་མི་ ཕོ་སྐྱེས་༦ ཡོད་མི་ སྡེ་ཚན་དེ་གིས་ ལྕང་ཇི་ཇི་ཟམ་གྱི་ ཉེ་འདབས་ལུ་ ཆང་ཁང་ཅིག་གི་གདོང་ཁར་ འཐབ་འཛིང་འབད་བའི་སྐབས་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་ཅིག་ལུ་ གྱི་བརྫམས་རྐྱབ་སྟེ་ ས་གོ་ནང་ར་ ཁ་འཐུམ་མར་ བསད་་ཡོདཔ་ཨིན་པས།
ཐིམ་ཕུ་དང་ བར་སྦིས་སའི་ མགྱོགས་ལམ་བདའ་སྟེ་ ལམ་འགྲུལ་འབད་མི་ཅིག་གིས་ ཕོ་སྐྱེས་ཅིག་ ཁྲག་གིས་གང་སྟེ་ ལམ་ཁར་འགྱེལ་ཡོདཔ་མཐོངམ་ལས་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ ཚེ་འདས་ཀྱི་ ཁ་མཆུ་ལྟག་ལུ་ གྱི་ཤུགས་སྦེ་ རྐྱབ་ནི་དེ་གིས་ རྨ་ཁ་གཏིང་རིངམོ་སྦེ་ར་ བཏོན་ཡོདཔ་མ་ཚད་ བྱང་ཁོག་གཡོནམ་ལུ་ གྱི་ཐེངས་༢ རྐྱབ་ཡོད་པའི་ཁར་ ཟ་ལྟབ་དང་ རྐངམ་ཚུ་ལུ་ཡང་ རྨ་སྐྱོན་ལེ་ཤ་བཏོན་ནུག་ཟེར་ཨིན་པས།
ཨམ་སྲུ་དང་གཅིག་ཁར་ ཁ་བྱལ་མི་ བཀྲིས་སྒང་ རོང་ཐུང་ལས་ཨིན་མི་ ཚེ་འདས་ཕོ་སྐྱེས་དེ་ལུ་ ཨ་ལུ་༡ ཡོདཔ་ཨིན་པས།
རྐྱེན་ངན་བྱུང་བའི་སྐབས་ ཚེ་འདས་ལུ་ ཆ་རོགས་༢ ཡོད་པའི་གྲས་ལས་ སྐྱེས་ལོ་༢༩ ལང་མི་ གནས་སྐབས་སློབ་དཔོན་བགྲེསཔ་དེ་གི་ ཨ་བུག་གུ་ གྱི་གསོབ་ཡོདཔ་མ་ཚད་ བརླད་དོ་༢ ཆ་ར་གུ་ གྱི་ཐེངས་རེ་ རྐྱབ་ཡོདཔ་ལས་ རྨ་སྐྱོན་བཏོན་ཡོདཔ་ཨིན་པས།
དེ་ལས་ སྐྱེས་ལོ་༢༨ ལང་མི་ གློག་རིག་ཀམ་པུས་ཊར་རྩེད་ཁང་གི་ ཇོ་བདག་དེ་ཡང་ མགུ་ཏོ་དང་ གདོང་གུ་ རྨ་སྐྱོན་ལེ་ཤ་བཏོན་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ རྐྱེན་ངན་བྱུང་སའི་ ས་གོ་ནང་ལས་ གྱི་ཅུང་ཅིག་ ཐོབ་ཡོདཔ་མ་ཚད་ འཐབ་འཛིང་སྐབས་ ཆང་བི་ཡར་གྱི་ དམ་སྦྱིས་ཚུ་ ལག་ལེན་འཐབ་ཡོད་པའི་ ངོས་འཛིན་བྱུང་ནུག།
མཐོང་མི་ཚུ་གིས་ སླབ་མིའི་ནང་ འཐབ་འཛིང་དེ་ སྡེ་ཚན་༢ ཆ་ར་ ཆང་འཐུང་པའི་ཤུལ་ལས་ བྱུང་ཡི་ཟེར་ཨིནམ་ད་ ཨ་རྟག་ར་ ཆང་ཁང་དེ་ནང་འོང་མི་ ཕོ་སྐྱེས་༦ འབད་མི་སྡེ་ཚན་དེ་ དེ་ཚེ་ ནུབ་མོའི་ཆུ་ཚོད་༩ དང་ སྐར་མ་༣༠ དེ་ཅིག་ཁར་ ཆང་ཁང་ནང་ ལྷོད་ཞིནམ་ལས་ ཆང་བི་ཡར་འཐུང་སྡོད་པའི་བར་ན་ ཉམས་རྒུདཔ་༣ ཡང་ལྷོད་དེ་ བི་ཡར་འཐུང་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
སྡེ་ཚན་༢ ཀྱི་བར་ན་ འཐབ་འཛིང་ལང་ནི་འབདཝ་ད་ ཉམས་རྒུདཔ་ཚུ་ ཕྱི་ཁར་བཏོན་བཏང་ཡོད་རུང་ ཕྱི་ཁར་ སྒུག་སྡོདཔ་ལས་ འཐབ་འཛིང་འགོ་བཙུགས་ནུག་ཟེར་ ཆང་ཁང་གི་ ཇོ་བདག་གིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ འཐབ་འཛིང་ནང་ འབྲེལ་གཏོགས་འབད་མི་ ཕོ་སྐྱེས་༤ ཁ་ཙ་དྲོ་པ་ ལྕང་ཇི་ཇི་ལས་ འཛིན་བཟུང་འབད་ཡོདཔ་བཞིན་དུ་ གཞན་མི་ཚུ་ འཚོལ་བའི་བསྒང་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment