གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨམ་སྲུ་ཚུའི་གནས་སྟངས་ནང་ འགྱུར་བ་འབྱུང་ཚུལ་གྱི་གྲོས་བསྡུར།

༢༢/༥/༢༠༡༢

རྩོམ་འབྲི་མཁས་མཆོག་ཚུ་གིས་འབད་བ་ཅིན་ སེམས་ཁམས་གོང་འཕེལ་གྱི་དོན་ལུ་ ནང་པའི་ཆོས་གྱི་ལམ་ལུགས་ནང་ ཨམ་སྲུ་ཚུ་ སངས་རྒྱས་མི་ཚུགས་ཟེར་མི་དེ་ལུ་ དོགས་པ་ཡོད་ཟེར་ཨིན་པས།


རྒྱ་གར་ལས་ ས་ཝ་ཏི་ ཅོབ་ར་དང་ ཨམ་ཀུན་བཟང་ཆོས་སྒྲོན་ 
དེ་ལས་ ཨམ་བཀྲིས་བཟང་མོ་གིས་ ནང་སེམས་ཀྱི་སྐོར་ལས་ གྲོས་བསྡུར་འབད་བའི་བསྒང་།
༉ ཁ་ཙ་ ལོ་བསྟར་འགོ་འདྲེན་འཐབ་སྲོལ་ཡོད་པའི་ གངས་རིའི་བག་ཅ་ཟེར་མི་ བརྗོད་དོན་ཐོག་ལུ་ རྩོམ་རིག་གི་ དུས་སྟོན་བརྩི་སྲུང་འབད་མིའི་ནང་ རྒྱ་གར་ལས་ ས་ཝ་ཏི་ ཅོབ་ར་དང་ ཨམ་ཀུན་བཟང་ ཆོས་སྒྲོན་ དེ་ལས་ ཨམ་བཀྲིས་བཟང་མོ་གིས་ ནང་སེམས་ཀྱི་སྐོར་ལས་ ཨམ་སྲུ་ཚུའི་གནས་སྟངས་ནང་ འགྱུར་བ་འབྱུང་ཚུལ་གྱི་སྐོར་ལས་ གྲོས་བསྡུར་འབད་ཡི།


རྒྱ་གར་གྱི་ ས་ཝ་ཏི་ ཅོབ་ར་གི་ རྩོམ་དེབ་ཚུ་ མང་ཤོས་ར་ ཆོས་འབྲེལ་དང་ སེམས་ཁམས་ཀྱི་ཐོག་ལུ་ འབྲི་དོ་ཡོདཔ་མ་ཚད་ མོ་གིས་ ནང་པ་སངས་རྒྱས་པའི་ལྟ་བ་དང་འབྲེལ་བའི་ ཆོས་ལེ་ཤ་ཅིག་ལུ་ ཐོས་བསམ་འབད་ཡོད་པའི་ མངོན་གསལ་བྱུང་ཡི།
དེ་ལས་ ཨམ་ཀུན་བཟང་ཆོས་སྒྲོན་དེ་ འབྲུག་ལུ་ སྲུང་དེབ་འབྲི་མི་ ཡོངས་གྲགས་ཅན་ཅིག་ཨིན་པའི་ཁར་ ཌོག་ཊར་ བཀྲིས་བཟང་མོ་དེ་ འབྲུག་གི་ཨ་ནེམོ་གཞི་ཚོགས་ཀྱི་ གཙོ་འཛིན་ཨིནམ་ལས་ ཁོང་༣ གྱིས་ སེམས་ཁམས་དང་འབྲེལ་བའི་ རྩོམ་འབྲི་གི་སྐོར་ལས་ ལོ་རྒྱུས་ཚུ་ གྲོས་བསྡུར་འབདཝ་དང་འབྲེལ་ ཕོ་མོ་འདྲ་མཉམ་གྱི་གནས་སྟངས་དེ་ གཙོ་བོ་སེམས་ཀྱིས་ དཔྱད་ཐངས་ཅིག་ཨིན་པའི་ གནད་དོན་ཅིག་ལུ་ གཞིར་བཞག་ཐོག་ གྲོས་བསྡུར་འབད་མི་དེ་ ལྟ་རྟོག་ནང་ཡོད་མི་ སྐུ་མགྲོན་ཚུ་ལུ་ཡང་ སྤྲོ་སྣང་བྱུང་ཡོད་པའི་ མཐོང་གསལ་བྱུང་ཡི།
གྲོས་བསྡུར་ནང་ གཙོ་བོ་ར་ ནང་པ་སངས་རྒྱས་པའི་ཆོས་ལུ་ གཞི་བཞག་ཐོག་ ཕོ་མོའི་འདྲ་མཉམ་ལུ་ གཙོ་བོར་བཏོན་ཏེ་ བཤད་ཡོདཔ་ད་ དེ་ཡང་ ཆོས་དང་འབྲེལ་བའི་ལམ་ལུགས་ནང་ ཨམ་སྲུ་ཚུ་ལུ་ སེམས་ཁམས་གོང་འཕེལ་དང་འབྲེལ་བའི་ ཆོས་ཀྱི་ཐོབ་ལམ་ཚུ་ཡང་ འདྲ་མཉམ་མེད་པའི་ མཐོང་གསལ་བྱུང་ཡི་ཟེར་བཤད་ཅི།
ཨམ་ཀུན་བཟང་ཆོས་སྒྲོན་གྱིས་ བཤད་མིའི་ནང་ ནང་གི་སེམས་ལུ་ འཚོལ་ཞིབ་འབད་ནི་དེ་ རང་གི་ངོ་བོ་ འཚོལ་དོ་བཟུམ་ཅིག་ཨིནམ་ད་ རང་གིས་ རང་ངོ་ཤེས་དགོཔ་དེ་ ག་ནི་བ་གལ་ཆེ་ཟེར་ཨིནམ་ད་ མོ་གིས་སླབ་མིའི་ནང་ ཨམ་སྲུ་ཚུ་གིས་ སངས་རྒྱས་ནི་གི་དོན་ལུ་ ཕོ་སྐྱེས་དང་ཕྱདཔ་ད་ སྐྱེས་རབས་༩ གི་ ཁྱད་པར་ཡོད་ཟེར་མི་དེ་ སངས་རྒྱས་ཀྱི་ བཀའ་དང་བསྟན་བཅོས་ ག་ཏེ་ཡང་ གསུངས་གསུངམ་ཅིག་ ད་ཚུན་ མ་མཐོང་མས་ཟེར་ཨིན་པས།
རྒྱ་གར་གྱི་ ས་ཝ་ཏི་ ཅོབ་ར་གིས་ བཤད་མིའི་ནང་ ནང་པའི་ཆོས་ཀྱི་ འདུལ་བའི་ལུགས་དང་འཁྲིལཝ་ད་ ད་ལྟོ་ དགེ་སློང་མའི་སྡོམ་རྒྱུན་མེད་པ་ལུ་བརྟེན་ ཨ་ནེམོ་ཚུ་གིས་ དགེ་སློང་མའི་ སྡོམ་པ་ཐོབ་མ་ཚུགས་པའི་ཁར་ གསང་སྔགས་ཆོས་ཀྱི་ བཀའ་དབང་དང་ ཁྲིད་ལུང་ཚུ་ཡང་ ཕོ་སྐྱེས་ཚུ་གིས་ ཐོབ་མི་ག་ར་ ཨམ་སྲུ་ཚུ་ལུ་ མ་རུངམ་སྦེ་ མ་གནང་པར་བཞག་སྲོལ་ཡོད་མི་དེ་ ཧ་གོ་མ་ཚུགས་ཟེར་ཨིན་པས།
ཁོང་གསུམ་གྱིས་བཤད་མིའི་ནང་ ཨམ་སྲུ་ཚུ་གིས་ཡང་ ཕོ་སྐྱེས་ཚུ་དང་ཅོག་འཐདཔ་སྦེ་ ནང་སེམས་ཀྱི་ཉམས་ལེན་འབད་དེ་ སངས་རྒྱས་མ་ཚུགསཔ་ཅིག་ མི་འོང་ཟེར་ཨིནམ་ད་ ད་ཚུན་ ཁ་རྒྱུན་ལས་ སངས་རྒྱས་ནིའི་དོན་ལུ་ ཕོ་ལུས་འཐོབ་དགོ་ཟེར་མི་དེ་ཡང་ ག་དེམ་ཅིག་ བདེན་པ་འོང་ག་ཟེར་བའི་ བསམ་ཚུལ་ཚུ་ཡང་བཀོད་ཅི།
ས་ཝ་ཏི་ ཅོབ་ར་གིས་འབད་བ་ཅིན་ འགྱུར་བ་དང་ མི་རྟག་པ་དེ་ དོན་ཅིག་ཨིནམ་ད་ སངས་རྒྱས་ནི་དེ་ཡང་ འགྱུར་བའི་གནས་སྟངས་ལས་ མ་འདས་པ་ཅིག་ཨིནམ་ལས་ ཨམ་སྲུ་ཚུ་ལུ་ འདྲ་མཉམ་གྱི་ཐོབ་ལམ་མེད་པའི་ ལམ་ལུགས་ཚུ་ཡང་ འགྱུར་བ་འབད་དགོཔ་འདུག་ཟེར་ཨིན་པས།
མོ་གིས་ དབུ་མའི་ལྟ་བ་ལུ་ གཞི་བཞག་སྟེ་ བསམ་ཚུལ་བཀོད་མིའི་ནང་ ཆོས་ཉམས་སུ་ལེན་ཏེ་ སངས་རྒྱས་པའི་བསྒང་ལས་ ཕོ་དང་ མོ་ཟེར་བའི་ མཚན་མའི་དབྱེ་བ་མེདཔ་མ་ཚད་ ནང་པ་སངས་རྒྱས་པ་དང་ ཕྱི་པ་ཟེར་བའི་ ཆོས་ལུགས་ཡང་མེདཔ་སྦེ་ བཤད་པ་ཅིན་ སངས་རྒྱས་ནི་ལུ་ ཕོ་ལུས་འཐོབ་དགོ་ཟེར་ བཤད་མི་དེ་ དབུ་མའི་ལྟ་བ་དང་འབྲེལ་བ་མེདཔ་སྦེ་ མཐོངམ་མས་ཟེར་བཤད་ཅི།
ཨམ་ཀུན་བཟང་ཆོས་སྒྲོན་གྱིས་འབད་བ་ཅིན་ ན་གཞོན་ཚུ་ལུ་ སློབ་སྟོན་འབད་ནིའི་དོན་ལས་ དང་པ་ར་ ཕམ་དང་ རྒས་ཤོས་ཚུ་གིས་ རང་གི་སེམས་ རང་གིས་ངོ་ཤེས་ཚུགསཔ་ཅིག་ འབད་ནིའི་དོན་ལུ་ སེམས་ལུ་དབྱེ་ཞིབ་འབད་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
རྒྱ་འབྲུག་མཐུན་འབྲེལ་ཚོགས་སྡེ་གི་ སི་ཡ་ཧི་ཟེར་མི་ རྒྱ་གར་གྱི་ རྩོམ་རིག་དང་འབྲེལ་བའི་ཚོགས་སྡེ་དང་ མཉམ་འབྲེལ་ཐོག་ལས་ མི་དབང་རྒྱལ་ཡུམ་ ཨ་ཞེ་རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་ འགོ་འདྲེན་འཐབ་སྲོལ་ཡོད་མི་ རྩོམ་རིག་དང་ སྒྱུ་རྩལ་ ལམ་སྲོལ་གྱི་ དུས་སྟོན་དེ་ སྤྱི་ཟླ་༥ པའི་ཚེས་༢༠ ལུ་ འགོ་འབྱེད་འབད་ཡི།
དུས་སྟོན་ལས་རིམ་ནང་ ཤེས་ཡོན་ཁྱབ་སྤེལ་དང་ ལམ་སྲོལ་བརྗེ་སོར་གྱི་དོན་ལུ་ འབྲུག་དང་ རྒྱ་གར་ལས་ རྩོམ་འབྲི་མཁས་མཆོག་དང་ མཁས་དབང་གཞན་ དེ་ལས་ ཡོངས་གྲགས་ཅན་གྱི་ འཁྲབ་རྩེདཔ་དང་ སྐད་འཐེན་མི་ཚུ་གི་བར་ན་ གྲོས་བསྡུར་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment