གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་ཐོབ་དབང་ཁྲིམས་ལུགས་ འོས་འབབ་འདུག་ག?

འབྲུག་རྒྱལ་ཁབ་འདི་ གནས་ཚུལ་ཐོབ་དབང་ཁྲིམས་ལུགས་མེད་པའི་ རྒྱལ་ཁབ་གཞན་བཟུམ་སྦེ་ བཞག་པ་ཅིན་ དྲག་ནི་མས་ཟེར་ཨིན་པས།

གནས་ཚུལ་ཐོབ་དབང་ཁྲིམས་ལུགས་ཀྱི་ གྲོས་བསྡུར་འབད་བའི་བསྒང་།
༉ ཁ་ཙ་ ཐིམ་ཕུ་ གཏེར་མ་གླིང་ཀ་ལུ་སྦེ་འཚོགས་མི་ ཉིན་གྲངས་༢ ཀྱི་ གནས་ཚུལ་ཐོབ་དབང་གི་ གོ་བརྡའི་ཞལ་འཛོམས་ནང་ སྤྱི་ཚོགས་ཀྱི་ འཐུས་མི་དག་པ་ཅིག་དང་ ཞི་གཡོགཔ་ དེ་ལས་ ལས་སྡེ་ཁག་གི་ གནས་ཚུལ་མགྲིན་ཚབ་ཚུ་གིས་ ལུང་ཕྱོགས་ཀྱི་ མཁས་མཆོག་ཚུ་ལུ་ གནས་ཚུལ་ཐོབ་དབང་གི་སྐོར་ལས་ དྲི་བཀོད་འབད་ཡི།


གྲོས་བསྡུར་སྐབས་ མང་ཤོས་ཅིག་གིས་ ཁྲིམས་ལུགས་དེ་ འགོ་བཙུག་ནིའི་དོན་ལུ་ འཇིགས་སྣང་དང་ ཚ་གྱང་ཡོད་པའི་སྐོར་ལས་ བསམ་འཆར་ཚུ་བཤད་ཅི།
རྒྱལ་ཡོངས་ཚོགས་འདུའི་ ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་ ཨོ་རྒྱན་དབང་འདུས་ཀྱིས་འབད་བ་ཅིན་ འབྲུག་གཞུང་གིས་ ལཱ་ག་ཅི་རང་འབད་རུང་ དྭངས་གསལ་ཡོདཔ་བཟོ་ནི་ལུ་ ཤུགས་བཏོན་དོ་ཡོདཔ་བཞིན་དུ་ དྭངས་གསལ་ངེས་བརྟན་བཟོ་ནིའི་དོན་ལུ་ ཐབས་རིག་གཞན་ཚུ་ ཧེ་མ་ལས་ར་ གཞི་བཙུགས་འབད་དེ་ ཡོད་ཟེར་ཨིན་པས།
གལ་སྲིད་ རྒྱལ་ཁབ་ནང་ གནས་ཚུལ་གྱི་ ཐོབ་དབང་ཁྲིམས་ལུགས་ཚུ་ ངོ་སྤྲོད་འབད་དགོ་པ་ཅིན་ ལས་སྡེ་དེ་ གཞི་བཙུག་གི་དོན་ལུ་ གཞི་རྟེན་མཁོ་ཆས་ཚུ་ཡང་ ལེ་ཤ་ཅིག་ར་ གསར་བཟོ་འབད་དགོ་ནི་ཨིནམ་ལས་ ཟད་འགྲོ་སྦོམ་གནས་འོང་ཟེར་ཞུ་ཡི།
བཅའ་མར་གཏོགས་མི་ གཞན་ཅིག་གིས་ སླབ་མིའི་ནང་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་དྲུང་ཆེན་ དྲགོས་ཀུན་ལེགས་རྡོ་རྗེ་གིས་ དུས་ཅི་ གནམ་དགུན་གྱི་ཚོགས་ཐེངས་ནང་ གནས་ཚུལ་ཐོབ་དབང་ཁྲིམས་ལུགས་དང་ དེ་དང་འབྲེལ་བའི་ ཁྲིམས་ལུགས་གཞན་ཚུ་ ཆ་འཇོག་གི་དོན་ལུ་ བཙུག་ནི་ཟེར་ སླབ་མི་དེ་ལུ་ ཚ་གྱང་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་རྒྱལ་ཁབ་འདི་ གནས་ཚུལ་ཐོབ་དབང་ཁྲིམས་ལུགས་མེད་མི་ རྒྱལ་ཁབ་གཞན་བཟུམ་སྦེ་ བཞག་པ་ཅིན་ དྲག་ནི་མས་ཟེར་སླབ་ཅི།
རྒྱལ་ཡོངས་ཚོགས་སྡེའི་ ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་ ཀུན་ལེགས་ཚེ་རིང་གིས་འབད་བ་ཅིན་ འབྲུག་པའི་དཔྱེ་གཏམ་ལས་ རང་ཁྱིམ་རྐྱབ་ནིའི་དོན་ལུ་ གཞན་གྱི་ བཟོ་རྣམ་མ་འདྲཝ་ཚུ་ལུ་ བལྟ་ཞིནམ་ལས་ རྐྱབ་པ་ཅིན་ བཟོ་བཀོད་ལེགས་ཤོམ་འཐོན་འོང་ཟེར་ སླབ་ཡོདཔ་ད་ ད་ལྟོའི་ གནས་སྟངས་ནང་ ཁྲིམས་ལུགས་དེ་ གཞི་བཙུག་མ་འབད་བ་ཅིན་ དྲག་ནི་མས་ཟེར་སླབ་ཅི།
སྤྱི་ཚོགས་ཀྱི་འཐུས་མི་ཅིག་གིས་ གལ་སྲིད་ གནས་ཚུལ་གྱི་ ཐོབ་དབང་ཁྲིམས་ལུགས་དེ་ ལེགས་ཤོམ་ཡོདཔ་མཐོང་པ་ཅིན་ རྒྱ་གར་ལུ་ཡང་ ཁྲིམས་ལུགས་དེ་ གཞི་བཙུགས་མ་འབད་བར་ ལོ་ངོ་༥༦ དེ་ཅིག་ ག་ཅི་སྦེ་ ལུས་སོཔ་ཨིན་ན་ཟེར་བའི་ དྲི་བ་ཚུ་ཡང་བཀོད་ཅི།
དེ་གི་དོན་ལུ་ རྒྱ་གར་གྱི་ རྒྱལ་ཡོངས་གྲངས་ཉུང་ཚོགས་སྡེའི་ཁྲི་འཛིན་ ཝ་ཇ་ཧཱཊ་ ཧ་བི་བུ་ལ་གིས་ སླབ་མིའི་ནང་ གལ་སྲིད་ གཞུང་དང་ གཞུང་གི་ལས་སྡེ་ཚུ་ནང་ གཡིབ་བཞག་དགོ་པའི་ སྐྱོན་ཚུ་མེད་པ་ཅིན་ དེ་བཟུམ་མའི་ ཁྲིམས་ལུགས་ཚུ་ ངོ་སྤྲོད་འབད་ནི་ལུ་ ཚ་གྱང་ལང་དགོཔ་མེད་ཟེར་སླབ་ཅི།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ཁྲིམས་ལུགས་དེ་ གཞི་བཙུག་འབད་ནིའི་དོན་ལུ་ ཨིན་ཅི་མིན་ཅི་ གཞི་རྟེན་མཁོ་ཆས་དང་ བཟོ་བཀོད་གསརཔ་ཚུ་ རྐྱབ་དགོཔ་མེད་ཟེར་ སླབ་མི་དེ་ཡང་ ཧེ་མ་ལས་ གཞི་བཙུགས་འབད་ཡོད་པའི་ ལས་སྡེ་ཚུ་གིས་ ལཱ་འགན་ཐེབས་ དུམ་གྲ་ཅིག་ འབག་དགོཔ་རྐྱངམ་གཅིག་ ཨིན་ཟེར་ཨིན་པས།
ཨིན་རུང་ རྒྱ་གར་ལུ་འབད་བ་ཅིན་ ལས་སྡེ་ཚུ་ནང་ ཧེ་མ་ལས་ར་ ལཱ་མང་མི་ལུ་བརྟེན་ བརྡ་དོན་ལྷན་ཚོགས་ གཞི་བཙུགས་མ་འབད་བར་ ཐབས་མེདཔ་ཐལ་སོ་ཡི་ཟེར་ཨིནམ་ད་ འབྲུག་ལུ་འབད་བ་ཅིན་ འགན་ཁུར་ལེ་ཤ་ འབག་མ་དགོ་པའི་ དྲང་ཁྲིམས་ཀྱི་ལས་སྡེ་ ལེ་ཤ་ཅིག་ར་ཡོདཔ་ལས་ བྱ་སྟབས་མ་བདེཝ་མི་ཐོན་ཟེར་སླབ་ཅི།
བཅའ་མར་གཏོགས་མི་ ལ་ལུ་ཅིག་གིས་ རྒྱལ་ཁབ་གཞན་ ལེ་ཤ་ཅིག་ནང་ ད་ལྟོའི་བར་ན་ཡང་ གནས་ཚུལ་གྱི་ཐོབ་དབང་ཁྲིམས་ལུགས་ ངོ་སྤྲོད་མ་འབད་བར་ཡོདཔ་མ་ཚད་ རྒྱ་གར་རྒྱལ་ཁབ་ནང་ ཁྲིམས་ལུགས་དེ་ ངོ་སྤྲོད་འབད་ནིའི་དོན་ལུ་ ལོ་ངོ་མང་རབས་ཅིག་འགོར་ཡོད་པའི་སྐོར་ལས་ དྲི་བ་བཀོད་མི་ལུ་ རྒྱ་གར་གྱི་ བརྡ་དོན་ལྷན་ཚོགས་གཙོ་འཛིན་ ས་ཏི་ཡ་ནཱན་ད་ མིཤ་ར་གིས་ དེ་བཟུམ་མའི་ ཁྲིམས་ལུགས་བརྩམ་ནི་ལུ་ རྒྱལ་ཁབ་གཞན་ལུ་དཔེ་ལྟ་སྟེ་ བསྒུག་དགོཔ་མེད་ཟེར་སླབ་ཅི།
དེ་ནང་ གཙོ་བོ་ར་ ཁྲིམས་ལུགས་དེ་གིས་ མི་སེར་དང་ གཞུང་ལུ་ ཕན་ཐོགས་འབྱུང་དང་མི་བྱུང་གི་སྐོར་ལས་ བལྟ་ནི་མ་གཏོགས་ ཚ་གྱང་ལང་དགོཔ་མེད་ཟེར་སླབ་ཅི།
ཨིན་རུང་ མཁས་མཆོག་ཚུ་གིས་སླབ་མི་ཚུ་ བསྟུན་གྲོས་བཟུམ་ཅིག་ཨིནམ་ལས་ འགོ་བཙུག་ནི་ཨིན་ན་དང་ མེན་ནའི་སྐོར་ལས་ འབྲུག་གཞུང་གིས་ ཐག་གཅད་དགོ་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment