གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤ་བཟའ་བའི་ལེགས་ཉེས་ཚུ་ གཏིང་ཟབ་པའི་སྐོར་ ཐུགས་བཞེད་གནང་དགོཔ།



༉ ང་བཅས་ཀྱིས་ ལཱ་ག་ཅི་རྩོམ་རུང་ དགའ་སྐྱིད་འཐོབ་ནི་གི་དོན་ལས་ཨིནམ་བཞིན་དུ་ ལཱ་འབད་བའི་ གྲུབ་འབྲས་ཚུ་ ཕན་པ་ལས་ གནོད་པ་ཤུགས་ཆེ་མི་ཚུ་ སྤང་དགོཔ་མ་ཚད་ ཕན་གནོད་འདྲན་འདྲ་ཡོད་རུང་ སྤང་དགོ་པའི་ཚུལ་ རྒྱལ་བའི་བཀའ་དང་ བསྟན་བཅོས་ཚུ་ལས་ ལོག་ཅི་ལོག་ཅི་ར་གསུངས་ཏེ་ཡོད།



ཤ་བཟའ་ནི་དང་ སེམས་ཅན་བསད་པའི་ རྣམ་སྨིན་ལུ་ དབྱེ་བ་ཅིན་ ཕྱིའི་ཉེ་འཁོར་གནས་སྟངས་ལུ་ སྨིན་ཚུལ་དང་ ནང་རང་གི་ ཚེ་སྲོག་ལུ་ སྨིན་ཚུལ་གཉིས་ཡོདཔ་ཨིན། རང་སྐྱེས་ས་སྦོམ་ས་དང་ གནས་སའི་ས་ཁོངས་ཚུ་ལུ་ གཟན་དོམ་དང་ སྦུལ་ སྟག་དང་ གཟིག་ དེ་ལས་ སྡིག་སྲིན་ལ་སོགས་པ་ ང་བཅས་རའི་ ཚེ་སྲོག་ལུ་ བར་ཆད་སྦོམ་ཡོད་སར་ རང་དབང་མེད་པར་ སྡོད་དགོ་མི་འདི་ ཚེ་ད་རིས་དང་སྔ་མ་ སེམས་ཅན་གསད་ནི་དང་ཤ་བཟའ་བའི་ རྣམ་སྨིན་ཨིན་མས།
འདི་ཚུ་གི་སྐོར་ ལོ་སྟོང་ཕྲག་ལེ་ཤ་གི་ཧེ་མར་ སངས་རྒྱས་ཚུ་གིས་ གསུངས་ཚརཝ་མ་ཚད་ ད་རེས་ རིག་གསར་གྱི་ ལམ་ལུགས་ལས་ཡང་ ཨེ་ཤི་ཡ་དང་ ཡུ་རོབ་ དེ་ལས་ ཨེ་མི་རེ་ཀའི་ གསོ་བའི་མཁས་མཆོག་ཚུ་གིས་འབད་རུང་ འཛམ་གླིང་ཚ་དྲོད་ཡར་འཕར་དང་ འབྱུང་བཞི་འཁྲུགས་ནི་ལ་སོགས་པའི་ རང་བཞིན་གྱི་ རྐྱེན་ངན་ཚུ་ མར་ཕབ་འབད་དགོ་མནོ་བ་ཅིན་ ཤ་བཟའ་ནི་ཚུ་ སྤང་དགོ་པའི་ཚུལ་ བརྡ་བརྒྱུད་དང་ གསར་ཤོག་ དེ་ལས་ རྒྱང་བསྒྲགས་ཚུ་ལས་ ཁྱབ་བསྒྲགས་འབད་དང་ འབད་བཞིན་པ་འདུག།
རྒྱལ་ཁབ་གཞན་ དཔེར་ན་ རྒྱ་མཚོའི་མཐའམ་བདའ་སྟེ་ཡོད་མི་ ཇ་པཱན་དང་ ཨིན་ཌོ་ནེ་ཤི་ཡ་ ཐའི་ལེན་ཚུ་ནང་ རྒྱ་མཚོའི་རྦ་རླབས་ཀྱི་ གནོད་པ་ལུ་བརྟེན་ མི་ས་ཡ་ལས་བཅད་དེ་ བསད་མི་ཚུ་ ཆུ་ནང་གི་ སྲོག་ཆགས་གྱངས་ཁ་མ་ཆོད་པར་ བསད་བཟའ་བའི་རྣམ་སྨིན་ཨིན། མདོ་ལས་ ས་ཡོམ་འོང་བའི་རྒྱུ་རྐྱེན་ ལེ་ཤ་གསུངས་པའི་གྲས་ལས་ ཅིག་འདི་ སྲོག་གཅོད་པ་ལ་སོགས་པའི་ མི་དགེ་བ་བཅུ་ལས་བྱུང་མི་ རླུང་ས་འཛིན་ཟེར་མི་གིས་ འབྱུང་བ་ཆེན་པོ་ ས་དང་ཆུ་ཚུ་ བཟུང་སྟེ་ཡོད། རླུང་ས་འཛིན་སྤརཝ་ད་གཅིག་ཁར་ རྒྱ་མཚོ་དང་ ས་ཚུ་སྤར་བའི་ཞོར་ཁར་ ས་ཡོམ་རྐྱབ་སྟེ་ མི་དང་སེམས་ཅན་ཚུ་ལུ་ གནོད་པ་བྱུང་མི་འདི་ གཙོ་བོ་ར་ མི་དང་སེམས་ཅན་ཚུ་གི་ མི་དགེ་བའི་ ལས་ལུ་བརྟེན་ཏེ་ཨིན་མས།
སོ་ནམ་རིག་པའི་ ཁ་ཐུག་ལས་ བརྟག་དཔྱད་འབད་བལྟ་རུང་ གནམ་གསོ་ཁའི་དུས་ཚོད་ལུ་ ཚལ་ལུ་དང་ ཨེ་པཱལ་ལ་སོགས་ རྡོག་མ་བཏགས་ནི་གི་རྒྱུ་ མེ་ཏོག་ཚུ་ སེརཝ་གིས་བཅོམ་ནི་དང་ སྟོན་གྱི་དུས་ལུ་ གེ་ཟ་དང་ འབྱ་ལ་སོགས་པའི་ སྟོན་ཐོག་ཚུ་ རླུང་འཚུབས་དང་སེརཝ་གིས་ ཐལ་བར་བརླགས་མི་ཚུ་ཡང་ སེམས་ཅན་བསད་པའི་ བདག་པོའི་འབྲས་བུ་ཨིནམ་སྦེ་ མདོ་སྔགས་ཀྱི་གཞུང་ཆེན་ ཡོན་ཏན་མཛོད་ལས་གསུངས་ཏེ་ཡོད།
ང་བཅས་འབྲུག་པའི་མི་ཚུ་ འཚོ་བའི་གནས་སྟངས་ མང་ཤོས་ར་ ས་ཞིང་གི་ལཱ་ལུ་ བརྟེན་དོ་ཡོདཔ་ད་ གནམ་བྱཱར་ཚར་ཅིག་ ཞིང་པ་ཚུ་ ཤ་དང་རུ་ཏོ་འབྱལ་སག་ས་འབད་ དཀའ་སྤྱད་ཀྱི་གྲུབ་འབྲས་ ལོ་ཐོག་ཚུ་ བསྡུ་ནི་རནམ་ད་ ཡུདཔ་ཐེངས་ཅིག་ནང་ སེརཝ་དང་ཆར་རླུང་གིས་ བཅོམ་མི་ལུ་བལྟ་སྟེ་ ཞིང་པ་ཚུ་ལུ་ སེམས་ཕངས་ཏེ་ བཟོད་མ་ཚུགས་པའི་ སྙིང་རྗེ་བསྐྱེདཔ་མ་ཚད་ ཁྲོམ་སྡེའི་ནང་འབད་རུང་ རྒྱ་གར་ལས་ཤ་བཏོནམ་ད་ རུ་པིའི་དཀའ་ངལ་དང་ བཟའ་འཐུང་གི་ཅ་ཆས་ཀྱི་གོང་ཚད་ཡང་ ཡར་སེང་འགྱོཝ་ཨིནམ་མས།
ཕྱིའི་རྒྱལ་ཁབ་བཟུམ་སྦེ་ ས་གཏེར་ལས་ཐོན་པའི་མར་ཁུ་ཚུ་ རྫོགས་ནི་མེདཔ་བཏོན་ཏེ་ བཙོང་ནི་གི་རིགས་ ང་བཅས་འབྲུག་ལུ་མེདཔ་ལས་ སོ་ནམ་ལས་ཁུངས་ཀྱི་ རྒྱབ་སྐྱོར་ལུ་དམིགས་ཏེ་ གཞུང་དང་ མི་སེར་ བླམ་ཆོསཔ་ག་ར་གིས་ ཤ་བཟའ་ནི་འདི་ སྤང་དགོཔ་འདུག་ཟེར་ ཞུ་ནི་ཨིན། དམ་པའི་ཆོས་ཟེར་མི་དེ་ སེམས་ཅན་ལུ་ གནོད་པ་བཀལ་བར་ སྤང་མི་ཅིག་ཨིནམ་སྦེ སྟོན་པ་སངས་རྒྱས་ཀྱིས་ གསུངས་པའི་ཚུལ་ བསྟན་བཅོས་བཞི་བརྒྱ་པ་ལས་ཡང་ མདོར་ན་ཆོས་ནི་མི་འཚེ་བ།། དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས།། ཟེར་གསུངས་ནུག།
དམིགས་བསལ་གྱི་ ང་བཅས་ར་བླམ་ཆོསཔ་ཚུ་གིས་ སེམས་ཅན་ག་ར་ རང་གི་ཕ་མ་ཨིནམ་ཤེས་ཏེ་ དེ་ཚུ་འཁོར་བའི་སྡུག་བསྔལ་ལས་ཐར་ཏེ་  ཐར་པ་སངས་རྒྱས་ཀྱི་ ས་ལུ་བཀོད་དགོཔ་ཨིནམ་ མ་ཤེས་པའི་ཁར་ སྙིང་རྗེ་ག་ནི་ཡང་མེད་པར་ ཤ་བཟའ་བ་ཅིན་ ཕྱི་ཁར་སངས་རྒྱས་ཀྱི་ ན་བཟའ་བཞེས་རུང་ ནང་གི་སེམས་འདི་ གཅན་གཟན་སྟག་དང་གཟིག་ དེ་ལས་ ཤ་ཟ་སྲིན་པོ་ཨིནམ་སྦེ་ རྒྱུད་དགོངས་པ་ཟངས་ཐལ་ལས་ གུ་རུ་པདྨ་འབྱུང་གནས་ཀྱིས་ གསུངས་ཏེ་ཡོད། མི་ལ་ལུ་གི་ཁ་ལས་ ཤ་བཟའ་དགོ་མནོ་སྟེ་ ཤ་ནི་སྙིང་རྗེ་ཅན་གྱིས་བཟའ།། ཆང་ནི་དམ་ཚིག་ཅན་གྱིས་འཐུང་།། ཟེར་སླབ་སྲོལ་ཡོདཔ་ཨིན།
དམིགས་པ་མེད་པའི་སྙིང་རྗེ་ཚུ་ རང་གི་སེམས་ལུ་བརྟན་པ་ཐོབ་པའི་ཁར་ ཤ་དང་ཆང་ཨིན་ཟེར་བའི་ རྣམ་རྟོག་གི་ འདུ་ཤེས་ནུབ་ཞིནམ་ལས་ བདུད་རྩིའི་ ངོ་བོར་མཐོང་བའི་ ཡེ་ཤེས་ཀྱི་ རྟོགས་པ་རྒྱུད་ལུ་འཁྲུངས་ཡོད་པ་ཅིན་ ཤ་ཆང་ལུ་ ལོངས་སྤྱོད་ཆོག་པའི་གནང་བ་ཚུ་ སངས་རྒྱས་ཀྱིས་གནང་སྟེ་ཡོདཔ་ཨིན། ད་རེས་ནངས་པའི་ཆོསཔ་མང་ཤོས་ར་ གཞུང་གི་ཐོས་བསམ་ཚུལ་བཞིན་མེདཔ་ལས་ སྟོང་ཉིད་རྟོགས་པའི་ ཡེ་ཤེས་དེ་ཕ་ར་བཞག་ དགེ་སྡིག་སྤང་བླང་གི་ དགེ་བ་ཙམ་ཅིག་ཤེས་མི་ཡང་ ག་ནི་བ་དཀོན་དྲགས་ཨིན་པས།
སེམས་ཅན་ཚེ་ཐར་གཏང་ནི་ལུ་ ལེགས་ཤོམ་ཨིན་རུང་ དེ་ལས་ཡང་ ཤ་བཟའ་ནི་དེ་ གནོདཔ་སྦོམ་ཡོད་པའི་རྒྱུ་མཚན་ ལེགས་ཤོམ་སྦེ་ཧ་གོ་སྟེ་ སྤང་ཚུགསཔ་འབད་ནི་དེ་ གལ་ཆེཝ་ཨིན། ཚེ་ཐར་གཏང་ནི་གི་དོན་ལུ་ དང་པ་མ་རྩ་ཏི་རུ་གིས་ལང་མི་ཚུགས་ གལ་སྲིད་ སྲོག་ལུ་ཐུག་པའི་ སེམས་ཅན་ཚུ་ཉོ་སྟེ་ ཚེ་ཐར་བཏང་སྟེ་འབད་རུང་ བཞག་སའི་ས་ཁོངས་དང་ འཚོ་སྐྱོང་འཐབ་མི་ཡང་མི་ཐོབ་ ཚེ་ཐར་བཏང་མི་སེམས་ཅན་ཚུ་ཡང་ གཅན་གཟན་ཚུ་གིས་ བསདཔ་མ་ཚད་ མི་གཞན་ཚུ་གིས་ ཨརཝ་རྐུ་སྟེ་ བསད་བཙོང་མི་ཡང་ཡོདཔ་ལས་ སེམས་ཅན་ཚུ་ ཤི་ནི་དང་ གནོད་པ་མེད་པའི་ས་ཆ་ ག་ཏེ་ལུ་ཡང་བསྐྱལ་མི་ཚུགསཔ་ཨིན།
འདི་བ་དེ་ ཤ་བཟའ་ནི་དང་ གསད་ནི་ལ་སོགས་པའི་ གནོད་པའི་ལཱ་དེ་ཚུ་སྤངས་དཔ་འདྲཝ་ཅིག་འབད་བ་ཅིན་ སྡོམ་པ་དང་ ཚུལ་ཁྲིམས་ཡང་འདི་ཨིན་ཟེར་ སྤྱོད་འཇུག་ནང་ ག་ནི་བ་གསལ་ཏོག་ཏོ་སྦེ་ གསུངས་ཏེ་ཡོདཔ་ཨིན།
སེམས་ཅན་ལུ་གནོད་པ་སྤངས་བའི་དགེ་བ་ལུ་བརྟེན་ གནས་སྐབས་ཀྱི་ཕན་པ་ མཐོ་རིས་ ལྷ་དང་མིའི་ གོ་འཕང་ ཐོབ་ཚུགས་དོ་ཡོདཔ་མ་ཚད་ དུས་ནམ་ཡང་མི་འགྱུར་བའི་ ཐར་པའི་གོ་འཕང་ཡང་ འཐོབ་ནི་ཡོད་པའི་ཁར་ ཐམས་ཅད་མཁྱེན་པའི་ བྱང་ཆུབ་ཀྱི་ ལམ་སྣ་ཡང་ཟིན་ཚུགས་ཟེར་ རྗེས་བཙུན་མི་ལ་རས་པའི་ཞལ་ལས་ག་དེ་སྦེ་གསུངས་ནུག་གོ་ཟེར་བ་ཅིན། ཤ་ཁྲག་ཟས་སུ་མ་བཟའ་ན།། མཐོ་རིས་ཐར་པ་ཐོབ་པ་ཡིན།། འགྲོ་ལ་འཚེ་བ་སྤངས་པ་ན།། བྱང་ཆུབ་ལམ་སྣ་མྱུར་དུ་ཟིན།། ཟེར་གསུངས་ཡོདཔ་ལས་ ང་བཅས་ར་ག་ར་གིས་ སེམས་ཅན་སྲོག་གཅོད་ལས་སྒྲུབ་པའི་ ཤའི་རིགས་བཟའ་ནི་ཚུ་ སྤངས་ཐབས་འབད་བ་ཅིན་ ཕན་པ་ཚད་མེདཔ་ཅིག་ཡོདཔ་ཨིན་ནོ།

མཁན་པོ་བྱང་སེམས་བཀྲིས།

No comments:

Post a Comment