གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁག་འབག་ཚུ་ལུ་ དཀའ་ངལ་འདྲ་མིན་སྣ་ཚོགས།

༢༢/༥/༢༠༡༢

བློན་ཆེན་མཆོག་གིས་འབད་བ་ཅིན་ དཀའ་ངལ་ཚུ་ ཁག་འབགཔ་ཚུ་གིས་ར་
བསལ་ཐབས་འབད་དགོ་ཟེར་ཨིན་པས།


༉ རྒྱལ་ཁབ་ཀྱི་ བཟོ་སྐྲུན་ས་ཁོངས་ལས་ རྒྱ་གར་གྱི་ ལས་མི་ཚུ་ རང་སོའི་གཡུས་ཁར་ ལོག་བྱོག་འགྱོ་མི་དེ་ ཁག་འབགཔ་ཚུ་གི་ དཀའ་ངལ་ངོ་མ་ཅིག་ཨིནམ་ལས་ འདི་བཟུམ་གྱི་ བཀག་ཐབས་ལུ་ གཞུང་གིས་ ཐབས་ཤེས་བཏོན་དགོཔ་འདུག་ཟེར་ ཁ་ཙ་ ཐིམ་ཕུ་ལུ་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ འབྲུག་གི་བཟོ་སྐྲུན་ཚོགས་པའི་ ཁག་འབགཔ་ཚུ་གིས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ལུ་ཞུ་ཡི།


ཁག་འབགཔ་ཚུ་གིས་འབད་བ་ཅིན་ ལས་མི་ཚུ་ སྟབས་གཅིག་ཁར་ སྡེ་ཚན་སྦེ་ བྱོག་འགྱོ་བའི་བསྒང་ལས་ ལཱ་དུས་ཚོད་ཁར་ མཇུག་བསྡུ་ནི་ལུ་ ཐོ་ཕོགཔ་མ་ཚད་ གླ་ཆ་སྔོན་བྱིན་སྤྲོད་མི་དེ་ཡང་ ལོག་ཐོབ་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོདཔ་ལས་ ས་མཚམས་སྒོ་ར་ཚུ་ནང་ ཁྲིམས་སྲུང་འགག་པ་དང་ ཕྱི་མི་ནང་སྐྱོད་འགོ་དཔོན་ཚུ་གིས་ ལེགས་ཤོམ་སྦེ་ ཞིབ་དཔྱད་འབད་དགོ་པའི་ཁར་ རྒྱལ་ཁབ་ཀྱི་ གནས་ཚད་ནང་ འདི་བཟུམ་མའི་ དཀའ་ངལ་ལུ་ གདོང་ལེན་འབད་ནིའི་དོན་ལས་ འབྲུག་དང་ རྒྱ་གར་གཞུང་གི་བར་ན་ ཟུང་ཕྱོགས་ཀྱི་ གྲོས་བསྟུན་གནང་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ དཀའ་ངལ་གྱི་སྐོར་ལས་ གཞུང་ལུ་ ཞུ་ནི་གི་ འོས་འབབ་ཅིག་ མི་མཐོང་མས་ཟེར་གསུངས་མི་དེ་ཡང་ གཞུང་གི་འགན་ཁུར་དེ་ སྲིད་བྱུས་དང་ འཆར་གཞི་བརྩམ་ཐོག་ལས་ ལཱ་བྱིན་ནི་དང་ དེ་གི་དོན་ལུ་ ཕྱི་ལས་མ་དངུལ་འཚོལ་ནི་ཚུ་མ་གཏོགས་ རིན་བསྡུར་འབད་བའི་སྐབས་ ལཱ་འབད་ཚུགས་པའི་ ཁས་བླངས་འབད་བའི་ཤུལ་ལས་ རང་སོའི་དཀའ་ངལ་སྐོར་ གཞུང་ལུ་ཞུ་བ་ཅིན་ ཁག་འབགཔ་ལྕོགས་གྲུབ་མེད་པའི་ བརྡ་མཚོན་ཨིན་ཟེར་གསུངས་ཡི།
དེ་མ་ཚད་ རྒྱ་གར་གྱི་ ལས་མི་ཚུ་ལུ་ ཤེས་ཡོན་མེདཔ་ལས་ སྲིད་བྱུས་དང་ ཁྲིམས་ལུགས་ཚུ་ ཧ་མི་གོ་ནི་ཨིནམ་ལས་ དཀའ་ངལ་དེ་གི་སྐོར་ལས་ ཟུང་ཕྱོགས་ཀྱི་ གསུང་གྲོས་གནང་རུང་ ཕན་མི་ཐོགས་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ ལས་མི་ཚུ་ལུ་ ལཱ་འབད་སའི་ ས་ཁོངས་ཀྱི་ གནས་སྟངས་དེ་ ཤོབ་མ་རྐྱབ་པར་ ལེགས་ཤོམ་སྦེ་ བཤད་བྱིན་ནི་དང་ ཟླ་རིམ་གྱི་ གླ་ཆ་ཡང་ ཚུལ་མཐུན་སྦེ་ སྤྲོད་པ་ཅིན་ ལཱ་འབད་བཏུབ་ཟེར་ གསུངས་ཡི།
ལས་མི་བྱོག་འགྱོ་མིའི་ རྒྱུ་རྐྱེན་ངོ་མ་ར་ ཁག་འབགཔ་ཚུ་གིས་ ལས་མི་ལེན་པའི་སྐབས་ ལཱ་གི་གནས་སྟངས་དང་ གནམ་གཤིས་ལེགས་ཤོམ་མེད་རུང་ ལེགས་ཤོམ་ཡོད་ཟེར་ སླབ་ནི་ཡོདཔ་མ་ཚད་ ཚོགས་བརྡ་བཏང་སྟེ་ གླ་ཆ་དུས་ཚོད་ཁར་ མ་བྱིན་ནི་དེ་གིས་ཨིན་པས་ཟེར་ བློན་ཆེན་གྱིས་གསུངས་ཡི།
དཀའ་ངལ་བསལ་ནི་གི་ ཐབས་ཤེས་ཅིག་ ཁག་འབགཔ་ཚུ་གིས་ ལཱ་དེ་ འབྲུག་མི་ཚུ་ལུ་བྱིན་ཏེ་ ཁོང་གི་དཀའ་ངལ་ དཔེར་ན་ སྨོན་བཅོས་འབད་ནི་དང་ བཟའ་ཚང་གི་ དཀའ་ངལ་བསལ་ནི་ལུ་ གྲོགས་རམ་རེ་ འབད་བ་ཅིན་ ལཱ་འབད་ནི་ལུ་ སྤྲོ་བ་བསྐྱེད་འོང་ཟེར་གསུངས་ཡི།
དེ་མེན་པར་ འབྲུག་མི་ཚུ་གིས་ ལག་རྩལ་གྱི་ ལཱ་ཚུ་ནང་ སྤྲོ་བ་མི་ལེན་པས་ཟེར་སླབ་སྟེ་ གླ་ཆ་ཚུ་ ལེགས་ཤོམ་མ་བྱིན་པའི་ཁར་ ཁོང་གི་ དཀའ་ངལ་ཚུ་ཡང་ མ་བལྟ་བ་ཅིན་ ག་གིས་ཡང་ སྤྲོ་བ་མི་ལེན་ཟེར་ཨིནམ་ད་ ཁག་འབགཔ་ཚུ་གིས་ ཁེ་སང་བཟོ་ནི་རྐྱངམ་གཅིག་ལུ་ མ་བལྟ་བར་ མི་སྡེ་ལུ་ཕན་པའི་ མནོ་བསམ་བཏང་པ་ཅིན་ མི་སེར་ག་ར་ ཡར་རྒྱས་འགྱོ་ཚུགས་ནི་ཨིནམ་ལས་ འབྲུག་མི་གིས་ འབད་ཚུགས་པའི་ལཱ་དེ་ ཕྱི་མི་ལུ་ མ་སྤྲོད་པར་ ནང་མི་ལུ་ར་ བྱིན་པ་ཅིན་ མ་དངུལ་ཕྱི་ཁར་འགྱོ་ནི་ལས་ཡང་བཀག་ཚུགས་པའི་ གོ་སྐབས་འདུག་ཟེར་ བློན་ཆེན་གྱིས་གསུངས་ཡི།
ད་རེས་ནངས་པ་ ལས་མིའི་དཀའ་ངལ་ཚུ་ལུ་ གདོང་ལེན་འབད་ནིའི་དོན་ལས་ ལས་མི་ངོ་ཚབ་༡༠༠ ལྷགཔ་ཅིག་ བཙུགས་ཡོདཔ་ལས་ ཁག་འབགཔ་ཚུ་གིས་ ཁོང་དང་གཅིག་ཁར་ བློ་ལེགས་ཤོམ་སྦེ་སླབ་སྟེ་ ལཱ་འབད་བ་ཅིན་ བྱ་སྟབས་མ་བདེཝ་མི་འཐོན་ཟེར་གསུངས་ཡི།
ཞབས་ཏོག་བློན་པོ་ཡེ་ཤེས་སྦྱིན་པ་གིས་འབད་བ་ཅིན་ ཕྱིའི་ལས་མི་ནང་འདྲེན་མ་འབད་བའི་ སྔ་གོང་ལས་ ཁག་འབགཔ་དང་ ལས་མིའི་བར་ན་ གན་རྒྱ་བཟོ་དགོཔ་ཨིན་རུང་ མང་ཤོས་ཅིག་གིས་ར་ གན་རྒྱ་མ་བཟོ་ནི་དེ་གིས་ དཀའ་ངལ་ཐོན་པའི་སྐབས་འབད་སའི་ལམ་མིན་འདུག་ཟེར་ཨིནམ་ད་ དཀའ་ངལ་གདོང་ལེན་འབད་ནིའི་དོན་ལུ་ གཞུང་དང་ འབྲུག་བཟོ་སྐྲུན་ཚོགས་པའི་བར་ན་ གྲོས་བསྟུན་ལེགས་ཤོམ་སྦེ་ འབད་ནི་ཟེར་ཨིན་པས།
དེ་ལས་ གནད་དོན་༢ པ་ བཟོ་སྐྲུན་གྱི་དོན་ལུ་ ཤིང་ཆས་མ་ལང་པའི་ཐད་ལུ་ བློན་ཆེན་མཆོག་གིས་ གསུངས་མིའི་ནང་ འབྲུག་འདི་ ཕྱི་ཁ་ལས་བལྟཝ་ད་ ནགས་ཚལ་གྱིས་ ཁྱབ་སྟེ་ཡོདཔ་སྦེ་ མཐོང་གསལ་བྱུང་རུང་ ནང་ན་ཤིང་ཆས་ ལེགས་ཤོམ་མེད་པའི་ཁར་ ཡོད་མི་ཚུ་ཡང་ བཟོ་སྐྲུན་གྱི་དོན་ལུ་ ལག་ལེན་འཐབ་ཚར་ནི་དེ་གིས་ ནགས་ཚལ་དེ་ ཆུ་རུད་བཀག་ཚུགས་མི་ སྔོན་འགོག་གི་ རྒྱུ་ངོ་མ་ཅིག་ཨིན་རུང་ དེ་ལུ་ མནོ་བསམ་མ་བཏང་པར་ ཤིང་ཆས་ཚུ་ ཚུལ་མཐུནམ་སྦེ་ ལག་ལེན་མི་འཐབ་པས་ཟེར་ཨིན་པས།
ཤིང་ཆས་འཛིན་སྐྱོང་འབད་དེ་ ཡུན་བརྟན་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ ད་ལས་ཕར་ རྒྱལ་ཁབ་ཀྱི་ཁྱིམ་དང་ སློབ་གྲྭ་བཟོ་སྐྲུན་ཚུ་ནང་ ཤིང་དགོ་མི་ སྒོ་སྒྲིག་དང་སྒོ་ཚུ་ ཚད་གཞི་ཅིག་བཟོ་སྟེ་ ཁག་འབགཔ་༡ གིས་ ཚོང་འབྲེལ་འཐབ་ནི་ འགོ་བཙུགས་པ་ཅིན་ ཉོ་མི་འཐོན་འོང་ཟེར་ཨིནམ་ད་ ཐབས་ལམ་དེ་གིས་ ཤིང་ཆས་འཕྲོ་བརླག་འགྱོ་ནི་ལས་ བཀག་ཚུགས་པའི་ཁར་ ཤིང་ཆས་དུས་ཚོད་ཁར་ མཁོ་སྤྲོད་འབད་ནི་ལུ་ཡང་ ཕན་ཐོགས་ཟེར་ཨིན་པས།
གལ་སྲིད་ ནང་ན་ལས་ཐོན་མི་ ཤིང་ཆས་ཀྱིས་ ལང་མ་ཚུགས་པ་ཅིན་ ཚད་གཞི་བཟོ་མི་ ཤིང་ཚས་ཀྱི་རིགས་ ཕྱི་རྒྱལ་ལས་ ནང་འདྲེན་འབད་བ་ཅིན་ གཞུང་གིས་ ཁྲལ་མར་ཕབ་ཀྱི་ ཞབས་ཏོག་གནང་ནི་ཟེར་མི་ལུ་ ཁག་འབགཔ་མང་ཤོས་ཅིག་གིས་ དགའ་ཚོར་ཡོད་ལུགས་ཞུ་ཡི།
བཟོ་རིག་འགོ་དཔོན་ལངམ་མེད་མིའི་སྐོར་ལས་ བློན་ཆེན་མཆོག་གིས་ གསུངས་མིའི་ནང་ དཀའ་ངལ་དེ་ ཁག་འབགཔ་ཚུ་ལུ་རྐྱངམ་གཅིག་མིན་པར་ གཞུང་ལུ་ཡང་ཡོད་ཟེར་ཨིནམ་ད་ ཧེ་མ་ རྒྱ་གར་ལས་ མཁས་མཆོག་ཚུ་ ཐོབ་ནི་ཡོད་རུང་ ད་རེས་ནངས་པ་ བཟོ་རིགཔ་མ་ལང་པའི་ དཀའ་ངལ་ཡོདཔ་ལས་ གལ་སྲིད་ ཐོབ་ཚུགས་རུང་ མི་ལེགས་ཤོམ་ཐོབ་མི་ཚུགས་འོང་ཟེར་ཨིན་པས།
ཞབས་ཏོག་བློན་པོ་གིས་འབད་བ་ཅིན་ དཀའ་ངལ་བསལ་ནིའི་དོན་ལུ་ ས་གནས་༡ ནང་ ལཱ་འབད་སའི་ ས་ཁོངས་༣ དེ་ཅིག་ཡོད་པ་ཅིན་ ས་ཁོངས་༡ ནང་ཨིན་ཅི་མིན་ཅི་ བཟོ་རིག་འགོ་དཔོན་རེ་ དགོཔ་མིན་འདུག་ཟེར་ཨིནམ་ད་ དེ་ཡང་ བཟོ་རིག་འགོ་དཔོན་ཅིག་གིས་ ས་ཁོངས་ག་ར་ བལྟ་ཚུགས་ཟེར་ཨིན་པས།
ཁག་འབགཔ་མང་ཤོས་ཅིག་གིས་ ཞུ་མིའི་ནང་ ལཱ་འབད་བའི་ རྩིས་བཱིལ་ཚུ་ གཞུང་ལུ་ཕུལ་བའི་ཤུལ་ལས་ ཏི་རུ་དུས་ཚོད་ཁར་ གནང་ནི་མེདཔ་ད་ བྱ་སྟབས་མི་བདེ་བས་ཟེར་ཨིནམ་ད་ ལམ་ལུགས་དང་འཁྲིལ་བ་ཅིན་ རྩིས་བཱིལ་དེ་ ལཱ་འབད་ཚར་ཏེ་ ཟླཝ་༡ གི་རྒྱབ་ལས་ གནང་དོགཔ་ཨིན་རུང་ རྩིས་འཛིན་པ་ཚུ་གིས་ བཀག་བཞག་མི་དེ་ ངན་ལྷད་ཀྱི་ ལཱ་བཟུམ་མཐོང་མས་ཟེར་ཨིན་པས།
བློན་ཆེན་མཆོག་གིས་ ད་ལས་ཕར་ དེ་བཟུམ་མའི་ དཀའ་ངལ་ཐོན་པ་ཅིན་ ཁག་འབགཔ་ཚུ་གིས་ དེ་འཕྲོ་ལས་ བློན་ཆེན་དང་དངུལ་རྩིས་དྲུང་ཆེན་གང་རུང་ལུ་ སྙན་ཞུ་ཡིག་ཐོག་ནང་ ཕུལ་གནང་ཟེར་ བཀའ་གནང་ཡི།
དངུལ་རྩིས་དྲུང་ཆེན་ ལྷམ་དངོས་གྲུབ་ཀྱིས་འབད་བ་ཅིན་ ཏི་རུ་དུས་ཚོད་ཁར་སྤྲོད་མ་ཚུགས་མི་དེ་ རྒྱ་གར་གཞུང་གིས་ གྲོགས་རམ་འབད་མི་ ལས་འགུལ་ཚུ་གི་མ་དངུལ་ དུས་ཚོད་ཁར་ལྷོད་ནི་མེད་མི་ལུ་བརྟེན་ཨིནམ་ལས་ ག་ར་གིས་ ཧ་གོ་དགོཔ་ཁག་ཆེ་ཟེར་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment