གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༩/༧/༢༠༡༣   གཞན་ལུ་བརྙས་བཅོས་འབད་ནི་ཚུ་ཡང་ མིའི་དལ་དབང་ཨིན་ན?
༉ འབྲུག་རྒྱལ་ཁབ་འདི་ བརྡ་དོན་འཕྲུལ་རིག་གི་ དུས་སྐལ་ནང་ འཛུལ་ཞུགས་འབད་དེ་ ཡུན་རིངམོ་མ་འགྱོ་རུང་ ད་རིས་ནངས་པ་ གནས་ཚུལ་བརྡ་སྤེལ་གྱི་ མགྱོགས་ཧིང་ནང་ལྷོདཔ་ད་ བརྡ་བརྒྱུད་གསར་ཤོག་དང་ རྒྱང་བསྒྲགས་ རྒྱང་མཐོང་ཚུ་ལས་ མི་སྡེའི་བརྡ་བརྒྱུད་མགྱོགས་དོ་བཟུམ་སྦེ་ མཐོང་སྣང་བྱུངམ་ཨིན་མས།


དེ་མ་ཚད་ མི་སྡེའི་བརྡ་བརྒྱུད་དེ་ བརྡ་བརྒྱུད་ཀྱི་ རྒྱབ་ཁུངས་མེད་མི་དང་ གཞི་ཁུངས་མེད་པའི་ གནས་ཚུལ་ལུ་ ཡིད་ཆེས་བསྐྱེད་མི་ཚུ་གི་དོན་ལུ་ གནས་ཚུལ་གྱི་ འབྱུང་ཁུངས་དང་ གཞན་ལུ་ ཁ་ཉེས་བཀལ་ནི་དང་ དམའ་ཕབ་རྐྱབ་ནི་ གོངམ་ཚུ་ལུ་ སྐུར་འདེབས་ཞུ་ནི་གི་ གྲོས་གནས་ཅིག་ཨིན་མས།
དེ་ཡང་ ད་རེས་ནངས་པ་ མི་སྡེའི་བརྡ་བརྒྱུད་ དཔེར་ན་ བཀག་དམ་འབད་མི་ ཡོངས་འབྲེལ་འཆར་སྒོ་ བྷུ་ཏཱན་ནོ་མིགསི་ སོ་ཤཱལ་ཌེ་མོ་ཀེ་རི་སི་ ཨཔ་འབྲུག་པ་ལ་སོགས་པའི་ གྲོས་གནས་ཚུ་ནང་ ལྟ་བ་ཅིན་ མི་དཀར་ལ་ཞྭ་ནག་སྤུབས་མི་དང་ མ་ཉེས་ཁ་གཡོགས་བཀལ་བའི་ གནད་དོན་འདྲ་མིན་སྣ་ཚོགས་བཀོད་མི་དེ་གིས་ མི་མང་ལུ་ གོ་བ་བརྡ་ལོག་སྤྲོད་ནི་དང་ མི་སྡེའི་ནང་འཁོད་ལུ་ སྟབས་མ་བདེཝ་དང་ མ་མཐུནམ་བཟོ་ནི་གི་ ཉེན་ཁ་སྦོམ་འདུག་ཟེར་ ཚ་གྱང་ལང་མི་ཚུ་གིས་ བསམ་འཆར་བཀོདཔ་ཨིན་མས།
རྒྱལ་ཁབ་ཀྱི་ ཞི་བདེ་དང་ རང་བཙན་ལུ་ གནོད་ཉེན་ཆེ་བའི་ གནད་དོན་གཙོ་བོ་ར་ སྤྱི་ཟླ་༧ པའི་ཚེས་༢༡ ལུ་ མི་སྡེའི་བརྡ་བརྒྱུད་ཀྱི་ ཡོངས་འབྲེལ་འཆར་སྒོ་ ཕེསི་བུག་ནང་ མིང་མེད་ཐོག་ ལག་ལེན་འཐབ་མི་ཚུ་གིས་ མི་ངོ་གཉིས་ལུ་ དེང་སང་གི་ ངོ་ལོགཔ་ཟེར་ གསལ་བཀོད་འབད་ཐོག་ལས་ བརྡུང་རྫོབ་འབད་ནི་དང་ ཐ་ན་ ཚེ་སྲོག་ལུ་ཡང་ འཇིགས་སྐྲག་སྟོན་མི་ལུ་ ལྟ་བ་ཅིན་མི་སྡེའི་བརྡ་བརྒྱུད་ཀྱི་ གྲོས་གནས་དེ་ ལོག་སྤྱོད་འབད་བའི་ མངོན་གསལ་སྟོནམ་ཨིན་མས།
འདི་བཟུམ་མའི་ མ་ཉེས་ཁ་གཡོགས་བཀལ་མི་ལུ་བརྟེན་ མི་མང་ལུ་ དོན་མེད་ཀྱི་ འདྲོག་འཇིགས་ལང་བཅུགཔ་མ་ཚད་  ལ་ལུ་གིས་ མིང་མེད་ཐོག་ བརྡ་དོན་ཡོངས་འབྲེལ་ལག་ལེན་འཐབ་སྟེ་ དམའ་ཕབ་དང་ ཁ་བཏང་མི་ཚུ་ འཚོལ་ཞིབ་འབད་ནིའི་དོན་ལུ་ ཁྲིམས་འདུ་ན་ཚུ་ལས་ རྒྱབ་སྐྱོར་འཚོལ་དགོ་ཟེར་ སླབ་མི་ཡང་ཐོནམ་ཨིན་མས།
སྤྱི་ལོ་༢༠༠༨ ལུ་ འབྲུག་རྒྱལ་ཁབ་འདི་ དམངས་གཙོའི་རིང་ལུགས་ལུ་ སོར་བསྒྱུར་དང་བསྟུན་ ཆ་འཇོག་གནང་མི་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་བ་ཅིན་ འབྲུག་པའི་མི་སེར་ཅིག་ལུ་ ཁ་སླབ་དང་ བསམ་འཆར་ གསལ་སྟོན་འབད་ནི་ཚུ་གི་ དལ་དབང་ལུ་ ཐོབ་དབང་ཡོདཔ་ཨིན།
འདི་དང་གཅིག་ཁར་ མི་ངོ་ཆ་མཉམ་ལུ་ ཚེ་སྲོག་དང་ འདོད་དབང་ རང་སོའི་བདེ་སྲུང་གི་ཐོབ་དབང་ཡོད་པའི་ཁར་ ཁྲིམས་ཀྱི་རིམ་གྱིས་པ་དང་འཁྲིལ་ཏེ་མ་གཏོགས་ ཐོབ་དབང་དེ་ཚུ་ལས་ འབྲལ་ཐབས་བསྒྲིག་དི་མེད་ཟེར་ འཁོད་ཡོདཔ་ལས་ རང་སོའི་དལ་དབང་དང་ ཐོབ་དབང་སྲུང་སྐྱོབ་ཀྱི་དོན་ལུ་ ཁྲིམས་འདུན་ལས་ དྲང་ཁྲིམས་ཀྱི་ རྒྱབ་སྐྱོར་འཚོལ་ནི་དེ་ མི་ངོ་སོ་སོའི་ འགན་ཁུར་ཅིག་ཡང་ཨིན་མས།
བརྡ་དོན་ཡོངས་འབྲེལ་ནང་ མིང་གསལ་བཀོད་མ་འབད་བར་ གསང་བའི་ཐོག་ལས་ མི་ངོ་སོ་སོ་ལུ་ མ་ཉེས་ཁ་གཡོགསབཀལ་ནི་དང་ དམའ་ཕབ་རྐྱབ་ནི་ དེ་ལས་ གོངམ་ཚུ་ལུ་ འཕྱར་ཁ་ཞུ་མི་དེ་ ག་ཨིན་ན་དང་ གློག་རིག་ཀམ་པུས་ཊར་ག་ཏེ་ལས་ ལག་ལེན་འཐབ་ཡོདཔ་ཨིན་ན་ འཚོལ་ཞིབ་འབད་བ་ཅིན་ འཇམ་ཏོང་ཏོ་སྦེ་ བདའ་ཟུན་ཚུགསཔ་ཨིན།
དེ་ལས་ ཉམས་རྒུད་པ་ཚུ་གི་ ཁ་ཐུག་ལས་འབད་རུང་ མིང་མེད་ཐོག་ སྐྱོན་བརྗོད་དང་ དམའ་ཕབ་རྐྱབ་མི་ག་ཨིན་ན་ འཚོལ་ཞིབ་འབད་ནིའི་དོན་ལུ་ ཁྲིམས་འདུན་ཚུ་ནང་ ཞུ་ཡིག་བཙུགས་ཐོག་ལས་ ངོས་ལེན་མ་འབད་བ་ཅིན་ མི་སྡེའི་བརྡ་བརྒྱུད་དེ་ བཀག་ཆ་དང་ དམ་འཛིན་འབད་མ་ཚུགསཔ་ འགྱོ་ནི་དང་ དེ་སྦེ་ འགྱོ་བ་ཅིན་ མི་སྡེའི་ནང་འཁོད་ལུ་ སྟབས་མ་བདེཝ་བཟོ་ནི་གི་ ཉེན་ཁ་སྦོམ་འདུག་ཟེར་ སླབ་མི་ཡང་འདུག།
འདི་འབདཝ་ལས་ འབྲེལ་ཡོད་དབང་འཛིན་ དཔེར་ན་ འབྲུག་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་གྱིས་ ད་ལྟོ་ དཀའ་ངལ་འགོ་བཙུགས་པའི་ ནམ་དུས་ལུ་ མི་དཀར་ལ་ཞྭ་ནག་སྤུབས་པའི་ མ་ཉེས་ཁ་གཡོགས་བཀལ་ནི་ཚུ་ ད་ལྟོ་ལས་ར་ བཀག་ཐབས་མ་འབད་བ་ཅིན་ ཤུལ་མའི་ཟླཝ་དག་པ་ཅིག་གི་ ནང་འཁོད་ལུ་ སྟབས་མ་བདེཝ་ འཐོན་ནི་གི་ ཉེན་ཁ་སྦོམ་འདུག་ཟེར་ ཞུ་ནི་ཨིན།

No comments:

Post a Comment