གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རེས་གཟའ་སྤེན་པ་ལུ་ བཙག་འཐུ་གྲུབ་མི་ བློན་ཆེན་གསརཔ་ལུ་ བདག་རྐྱེན་གནང་ནི།

༢༣/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༢༧ ལུ་ འབྲུག་གི་བློན་ཆེན་གསརཔ་གིས་ ཡིག་ཚང་གི་ ལཱ་འགན་འགོ་བཙུགསཔ་དང་འབྲེལ་ གནས་སྐབས་གཞུང་ཡང་ མཇུག་བསྡུ་ནི་ཨིན་པས།
གཞུང་འབྲེལ་ཐོག་ལས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཉིནམ་དེ་ནང་ བློན་ཆེན་གྱི་ གདམ་ངོ་སྦེ་ གདམ་འཐུ་གྲུབ་མི་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དམངས་གཙོ་ཅན་གྱི་ཐོག་ལས་ བཙག་འཐུ་གྲུབ་མི་ བློན་ཆེན་སྦེ་ བདག་རྐྱེན་གནང་ནི་གི་ ལས་འཆར་ཡོད་ཟེར་ཨིན་པས།



དེ་བསྒང་ བློན་ཆེན་གསརཔ་གིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོའི་གདམ་ངོ་ཚུ་དང་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་གྱི་ གདམ་ངོའི་ཐོ་ཕུལ་ནི་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་གྱིས་ རེས་གཟའ་ཟླ་བའི་ དྲི་བ་དྲིས་ལན་སྐབས་ སླབ་མིའི་ནང་ བློན་པོ་༡༠ གྱི་ གདམ་ངོ་ཚུ་དང་ ཚོགས་དཔོན་གྱི་ གདམ་ངོ་དེ་ སྤྱི་ཟླ་༧ པའི་ཚེས་༢༥ ལུ་ གཏན་འཁེལ་བཟོ་འོང་ཟེར་ཨིན་པས།
དེ་འབདཝ་ད་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་ལུ་ དར་ནམ་གནང་ནི་ཨིན་ན་ ཚེས་གྲངས་གཏན་འཁེལ་མེདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༡༣ ལུ་ འགོ་འདྲེན་འཐབ་མི་ སྤྱིར་བཏང་བཙག་འཐུ་ནང་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཡོངས་ཚོགས་འདུའི་ སྡོད་ཁྲི་བསྡོམས་༤༧ ཡོད་མི་ལས་༣༢ ཐོབ་སྟེ་ གཞུང་སྐྱོང་ཚོགས་པ་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ སྡོད་ཁྲི་༡༥ མ་གཏོགས་ ཐོབ་མ་ཚུགསཔ་ལས་ ལྡོག་ཕྱོགས་ཚོགས་པ་སྦེ་ བཙག་འཐུ་གྲུབ་ཅི།
སྤྱི་ལོ་༢༠༠༨ ལུ་ དམངས་གཙོའི་རིང་ལུགས་གཞི་བཙུགས་འབདཝ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ སྡོད་ཁྲི་༤༥ ཐོབ་སྟེ་ གཞུང་སྐྱོང་ཚོགས་པ་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ སྡོད་ཁྲི་༢ ལས་བརྒལ་མ་ཐོབ་ནི་དེ་གིས་ འཛམ་གླིང་ནང་ ལྡོག་ཕྱོགས་ཚོགས་པ་ཆུང་ཤོས་ཅིག་སྦེ་ བཙག་འཐུ་གྲུབ་ནུག།
སྤྱི་ཚོགས་དང་པའི་ རྒྱལ་ཡོངས་ཚོགས་འདུ་དེ་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ རྩ་གྲོལ་སོང་ཡོད་རུང་ འབྲུག་ཕུན་སུམ་ཚོགས་པའི་གཞུང་དེ་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ རྩ་གྲོལ་སོང་མི་དང་བསྟུན་ སྤྱི་ཚེས་༢༩ ལས་ གནས་སྐབས་གཞུང་གིས་ གཞུང་གི་དུས་རྒྱུན་གྱི་ བྱ་སྒོ་ཚུ་བསྒྲུབ་ནི་ འགོ་བཙུགས་ཡོདཔ་ད་ གནས་སྐབས་གཞུང་དེ་ གྲོས་དཔོན་སྤྱི་ཁྱབ་ ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་དང་ གྲོས་དཔོན་གཞན་༦ གིས་ འཛིན་སྐྱོང་འཐབ་ཡོདཔ་ཨིན་པས།
གནས་སྐབས་གཞུང་དེ་ཡང་ བཙག་འཐུ་ལྷན་ཚོགས་ཀྱིས་ རང་མོས་དང་ རྣམ་དག་གི་ བཙག་འཐུ་འབད་ཚུགས་ཐབས་ལུ་ ཉིན་གྲངས་༩༠ ལས་མ་འདས་པའི་ དུས་ཡུན་ཅིག་ནང་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ འབྲུག་མངའ་བདག་རྒྱལ་པོ་མཆོག་གིས་ བསྐོ་བཞག་གནང་ཡོདཔ་ཨིན་པས།
ཁྲིམས་ཀྱི་མཁས་མཆོག་ཅིག་གིས་ སླབ་མིའི་ནང་ གནས་སྐབས་གཞུང་གི་ འགན་འཁྲི་ངོ་མ་ཅིག་ བཙག་འཐུ་ལྷན་ཚོགས་ལུ་ རང་མོས་དང་ རྣམ་དག་གི་ བཙག་འཐུ་འབད་ནི་ལུ་ ལྷན་ཐབས་འབད་དགོཔ་མ་ཚད་ མི་སྡེའི་ནང་ མཐུན་ལམ་དང་ ཞི་བདེ་ཡོདཔ་ བཟོ་ནི་དེ་ཨིན་རུང་ སྲི་སློང་མི་དང་ སྲིད་འཁྲུགས་ཐོག་ བཙག་འཐུའི་བྱ་རིམ་ལུ་ བར་ཆད་རྐྱབ་མི་ མི་སྡེའི་བརྡ་བརྒྱུད་བཀག་འཛིན་འབད་མ་བཏུབ་མི་ལུ་བརྟེན་ འཐུས་ཤོར་བྱུང་ཡོདཔ་བཟུམ་ མཐོང་སྣང་བྱུང་ཡི་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ མི་སྡེའི་ནང་འཁོད་ལུ་ སྟབས་མ་བདེཝ་དང་ མཐུན་ལམ་ དེ་ལས་ བཙག་འཐུའི་བྱ་རིམ་ རང་མོས་དང་ རྣམ་དག་ཐོག་ འགོ་འདྲེན་འཐབ་ནི་ལུ་ བར་ཆད་རྐྱབ་ཉེན་ཡོདཔ་ལས་ མི་སྡེའི་བརྡ་བརྒྱུད་ བྷུ་ཊཱན་ནོ་མིགསི་ཟེར་མི་ ཡོངས་འབྲེལ་འཆར་སྒོ་ལག་ལེན་འཐབ་མི་ ག་ཨིན་ན་ འཚོལ་ཞིབ་གནང་དགོ་པའི་སྐོར་ སྤྱི་ཟླ་༥ པའི་ནང་ གནས་སྐབས་གཞུང་ལུ་ ཞུ་བ་འབད་ཡོདཔ་ཨིན་རུང་ ཁོང་གི་ལཱ་འགན་དེ་ གཞུང་གི་དུས་རྒྱུན་གྱི་ བྱ་སྒོ་ཚུ་ བསྒྲུབ་ནི་མ་གཏོགས་ སྲིད་བྱུས་ཅིག་གི་ གྲོས་ཆོད་བཟོ་ནིའི་ ཐོབ་རིམ་མེད་ཟེར་ བཀའ་རྒྱ་བཏོན་ཐོག་ལས་ ངོས་ལེན་འབད་མ་བཏུབ་ཨིན་པས།
ཨིན་རུང་ བཙག་འཐུའི་བྱ་རིམ་འགོ་འདྲེན་འཐབ་མ་རན་པའི་ ཉིནམ་དག་པ་ཅིག་གི་ཧེ་མར་ གནས་སྐབས་གཞུང་གི་ གྲོས་དཔོན་ཅིག་གིས་ རྒྱ་གར་གཞུང་ལས་ བཞེས་སྒོ་འབད་ནིའི་ མེ་རླུང་གེསི་དང་ ས་མར་ཁུའི་ཕབ་ཆག་༢ མ་རྩིས་བར་ ཆུ་ཁ་གློག་མེ་དང་ ནང་ཁྲལ་གྱི་ ཕབ་ཆག་གཉིས་ཡང་ ཕྱིར་བཏོན་འབད་ཡོད་པའི་ མ་བདེན་པའི་ བསམ་བཤད་བཀོད་མི་དེ་གིས་ རྩོད་རྙོགས་ཅན་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ གནད་དོན་དེ་གི་སྐོར་ གནས་སྐབས་གཞུང་གིས་ གསུང་གྲོས་གནང་གནངམ་མེདཔ་མ་ཚད་ རྒྱ་གར་གཞུང་ལས་ཡང་ གཞུང་འབྲེལ་སྙན་ཞུ་ག་ནི་ཡང་ མ་ལྷོདཔ་ཨིན་པས།
དེ་འབདཝ་ལས་ ཞི་གཡོགཔ་ཅིག་ཨིན་མི་ གྲོས་དཔོན་དེ་གིས་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ འགལ་ཡོད་མི་ལུ་བརྟེན་ ཞི་གཡོག་དང་ བཙག་འཐུའི་བཅའ་ཁྲིམས་དང་འཁྲིལ་ དང་ལེན་འབད་དགོཔ་སྦེ་ འབྲུག་ཕུན་སུམ་ཚོགས་པ་གིས་ འབྲེལ་ཡོད་དབང་འཛིན་ལུ་ ཞུ་ཡིག་བཙུགས་ཡོདཔ་མ་ཚད་ སྤྱི་ཟླ་༧ པའི་ཚེས་༢༡ ལུ་ ཚོགས་པའི་རྒྱབ་སྐྱོར་པ་༢༠ འབད་མི་ སྡེ་ཚན་ཅིག་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ དོན་ཚན་༡༥ ཕུལ་མིའི་གྲངས་སུ་ ཚུད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment