གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༢/༧/༢༠༡༣   གོམ་པ་མདུན་ཕྱོགས་ལུ་སྤོ་དགོཔ།
༉ སྤྱི་ལོ་༢༠༡༣ གྱི་ སྤྱིར་བཏང་བཙག་འཐུ་འདི་ རང་མོས་དང་ རྣམ་དག་མ་འགྱོ་བའི་སྐོར་ འཐོར་གཏམ་དང་ ཁ་ཉེས་ཚུ་ དར་ཁྱབ་ཆེ་དྲགས་ཡོད་པའི་ཁར་ སྤྱི་ཟླ་༧ པའི་ཚེས་༡༩ ལུ་ འབྲུག་ཕུན་སུམ་ཚོགས་པའི་ གྲོས་འཛོམས་ནང་ འགོ་འཛིན་པ་ཚུ་གིས་ དབང་ཚད་ལོག་སྤྱོད་ཐོག་ ཚོགས་རྒྱུན་སྐྱུར་མི་ཚུ་ལུ་ འཇིགས་བསྐུལ་དང་ དབང་བཙོང་ ནང་གསུག་སྤྲོད་མི་ལ་སོགས་པའི་ ཉོགས་བཤད་འདྲ་མིན་བཀོད་མི་ལས་ གསལ་སྟོན་འབདཝ་ཨིན་མས།


ཞལ་འཛོམས་ནང་ བཅའ་མར་གཏོགས་མི་༡,༥༠༠ ལྷགཔ་ཅིག་ སྤུངས་འཛོམས་འབད་མི་ཚུ་ལས་ རྒྱབ་སྐྱོར་པ་གཅིག་ཤུལ་གཉིས་ཤུལ་སྦེ་ མི་སེར་ཚུ་ བཙག་འཐུའི་བྱ་རིམ་ཚུ་ལུ་ལྟ་སྟེ་ སེམས་ཕམ་བྱུང་མི་དང་ ཁོང་ཁྲོ་ལང་ཡོད་པའི་སྐོར་ གཡང་ཟ་བག་ཟོན་ག་ནི་ཡང་མེད་པར་ སླབ་ཡོདཔ་ལས་ སྲིད་དོན་ཚོགས་པའི་ འགོ་འཛིན་ཚུ་གིས་ དམ་འཛིན་འབད་མ་ཚུགས་པའི་ གནས་སྟངས་ཅིག་ལུ་ གྱུར་སོཔ་ཨིན་མས།
མ་གཞི་ དམངས་གཙོའི་རིང་ལུགས་ནང་ འདི་བཟུམ་མའ་ི་ ཉོགས་བཤད་བཀོད་ནི་ཚུ་ རང་བཞིན་ཨིན་རུང་ ད་རེས་ཀྱི་གནས་སྟངས་ དཔེར་ན་ འགྲེམ་ཐོག་ཚོགས་རྒྱན་ཚུ་ མི་༡ དང་༢ ཀྱིས་ དྲི་ཤོག་བཀང་ཐོག་ལས་ གཡོ་སྒྱུར་འབད་བའི་ ཁ་ཉེས་དང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ལུ་ འབྲེལ་ཡོད་སྲིད་དོན་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་དགོཔ་སྦེ་ མི་སེར་ཚུ་ལུ་ ཁ་བཀོད་དང་ ཉེན་བརྡ་ཚུ་ བྱིན་ནི་དེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ འགལ་ཡོདཔ་ལས་ མ་འོངས་པ་ལུ་ འདི་བཟུམ་མའི་ ལག་ལེན་ཚུ་ འབྱུང་མི་བཅུག་ནིའི་དོན་ལུ་ ཉོགས་བཤད་བཀོད་མི་ཚུ་ འོས་འབབ་ཅན་སྦེ་ མཐོང་སྣང་བྱུངམ་མས།
དེ་དང་གཅིག་ཁར་ འབྲུག་གི་བཙག་འཐུའི་བྱ་རིམ་ ཚུལ་ལྡན་མ་བྱུང་མི་དེ་ བཙག་འཐུ་ལྷན་ཚོགས་དང་ ས་གནས་གཞུང་ དེ་ལས་ བརྡ་བརྒྱུད་ཀྱི་ཁ་ཐུག་ལས་ རང་སོའི་འགན་ཁུར་ཚུ་ ཚུལ་མཐུན་མ་འབག་པར་ འཐུས་ཤོ་བྱུང་མི་ལུ་བརྟེན་ཨིནམ་སྦེ་ ཁ་ཉེས་བཀལ་མི་ལུ་ཡང་ བདེན་པ་ཡོདཔ་བཟུམ་སྦེ་ མཐོང་མི་དེ་ཡང་ བཙག་འཐུ་དང་འབྲེལ་བའི་ཉོགས་བཤད་ དཔེར་ན་ ནང་གསུག་སྤྲོད་ལེན་དང་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ བརྡབ་གསིག་རྐྱབ་མི་ སྲིད་ཚོགས་མཉམ་བསྡོམས་ དེ་ལས་ བཀའ་རྒྱ་ཨིན་ཟེར་ ས་གནས་འགོ་དཔོན་ཚུ་ལུ་ གོ་བ་བརྡ་ལོག་སྤྲོད་ཡོད་པའི་སྐོར་ བཙག་འཐུ་ལྷན་ཚོགས་ལུ་ ཉོགས་བཤད་བཀོད་ཡོད་རུང་ ངོས་ལེན་དམ་སྒྲིང་མ་འབད་བའི་ཁར་ བརྡ་བརྒྱུད་ཀྱི་ ཁ་ཐུག་ལས་ འགྲེམ་ཐོག་ཚོགས་རྒྱན་ གཡོ་སྒྱུ་འབད་བའི་ ཁ་ཉེས་དར་ཁྱབ་ཆེ་དྲགས་ཡོད་མི་ ལ་སོགས་པའི་ གནས་ཚུལ་ཁྱབ་སྤེལ་འབད་མ་ཚུགས་པས།
ཨིང་རུང་ གོང་ལུ་ གསལ་བཀོད་འབད་དོ་བཟུམ་ བཙག་འཐུའི་ནང་ལས་ རྒྱལ་ཁ་ཐོབ་མ་ཚུགས་མིའི་ ཁ་ཐུག་ལས་ ཉོགས་བཤད་བཀོད་ནི་ཚུ་ རང་བཞིན་གྱི་ ཆ་རྐྱེན་ཅིག་ཨིནམ་ལས་ དེ་ཚུ་ ཞི་ཐབས་སྒྲིག་སྟེ་ མི་སྡེ་ཚུ་ ཨ་རྟག་གི་ གནས་སྟངས་ནང་ ཞུགས་བཅུག་ནི་དེ་གལ་ཆེ།
འདི་འབདཝ་ལས་ གཞུང་སྐྱོང་ཚོགས་པ་དང་ ལྡོག་ཕྱོགས་ཚོགས་པ་གཉིས་ཆ་ར་གིས་ སྟབས་མ་བདེཝ་བྱུང་མི་ཚུ་ རྒྱབ་ལུ་སྐྱུར་ཏེ་ ད་ལས་ཕར་ ལོ་ལྔའི་འཆར་གཞི་༡༡ པ་དེ་ གཏན་འཁེལ་བཟོ་ཐོག་ལས་ མ་དངུལ་ཚུ་ འཚོལ་ནི་དང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་ཡར་དྲག་གཏང་ནི་ དེ་ལས་ གོང་འཕེལ་འདྲ་མཉམ་གྱི་ ལུང་ཕྱོགས་ཚུ་ནང་ གཙོ་རིམ་བཟུང་ཐོག་ལས་ རྒྱལ་ཁབ་འདི་ གོམ་པ་མདུན་ཕྱོགས་ལུ་ སྤོ་ནི་གི་ ཕྱག་ལཱ་གནང་ནི་ འགོ་བཙུགས་དགོ་ཟེར་ ཞུ་ནི་ཨིན།

No comments:

Post a Comment