གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡༩/༧/༢༠༡༣   ཁ་དང་ལགཔ་རྟགས་མཐུནམ་སྦེ་ འབད་ནི་གི་ དུས་ཚོད་ལུ་ལྷོད་ཡོདཔ།
༉ སྤྱིར་བཏང་བཙག་འཐུ་ནང་ བཙག་འཐུ་གྲུབ་མི་ མི་སེར་དམངས་གཙོ་ཚོགས་པའི་ འཐུས་མི་ཚུ་དང་ ཁོང་གི་ རྒྱབ་སྐྱོར་པ་ཚུ་གིས་ རྒྱལ་ཁབ་ནང་འཁོད་ལུ་ འུར་སྒྲ་སྦོམ་མེད་པའི་ཐོག་ལས་ སྤྲོ་སྟོན་འབད་དང་འབད་བཞིན་དུ་ཡོདཔ་ཨིན་རུང་ སྲིད་ཚོགས་ཀྱིས་ ཁས་བླངས་འབད་མི་དག་པ་ཅིག་གི་ གྲུབ་འབྲས་མཐོང་གསལ་འབྱུང་ནི་གི་ རེ་བ་བསྐྱེད་མི་ ཉིནམ་གཅིག་བ་ཉིནམ་གཅིག་ མང་སུ་ཐོནམ་ཨིན་མས།


གྲུབ་འབྲས་མངོན་གསལ་ཆེཝ་སྦེ་ བཏོན་ནི་གི་ འགན་ཁུར་འབག་མི་ གཞུང་གསར་པའི་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ བསྐོ་བཞག་སྐོར་ གཞུང་འབྲེལ་ཐོག་ལས་ གསལ་བསྒྲགས་མ་འབད་བར་ཡོད་རུང་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ མི་སེར་དམངས་གཙོ་ཚོགས་པ་གི་ ཁས་བླངས་ཚུ་ལུ་ལྟ་སྟེ་ ཚོགས་རྒྱན་སྐྱུར་མི་ སྡེ་ཚན་སོ་སོ་ལུ་ ཚོར་སྣང་མ་འདྲཝ་སྦེ་ བྱུང་ཡོད་མི་དེ་ཡང་ ཁས་བླངས་ཚུ་ མཐའ་ཟུར་གཡུས་ཚན་གྱི་ སོ་ནམ་ཞིང་པ་ཅིག་ལས་འགོ་བཙུགས་ ས་མཚམས་ཁྲོམ་སྡེའི་ནང་ ཚོང་འབྲེལ་འཐབ་མི་དང་ མཐོ་རིམ་སློབ་གྲྭ་ནང་ འགྱོ་རན་མི་སློབ་ཕྲུག་ དེ་ལས་ ལཱ་གཡོག་འཚོལ་མི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ སྤྲོ་སྣང་བྱུར་སར་མཐོངམ་མས།
ན་གཞོན་ཚུ་གིས་ གཞུང་གསརཔ་ལུ་ རེ་བ་བསྐྱེད་མི་དེ་ཡང་ ཞི་གཡོག་ཆོས་རྒྱུགས་ནང་ བཅའ་མར་གཏོགས་ཏེ་ གཞུང་གཡོག་ནང་ འཛུལ་ནི་གི་ རེ་བ་ཡོད་མི་ མཐོ་རིམ་སློབ་ཕྲུག་ཚུ་གི་དོན་ལུ་ སྔོན་འགྲོའི་ཆོས་རྒྱུགས་རྐྱབ་མ་དགོཔ་ བཟོ་ནི་གི་ ཁས་བླངས་འབད་ཡོད་མི་ལུ་བརྟེན་ཨིན་མས།
སྤྱིར་བཏང་བཙག་འཐུའི་ གྲུབ་འབྲས་ཚུ་ གསལ་བསྒྲགས་འབད་ཚར་བའི་ཤུལ་ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ སློབ་ཕྲུག་ཚུ་གིས་ ཞི་གཡོག་ཆོས་རྒྱུགས་མ་རྐྱབ་པའི་ཧེ་མར་ སྔོན་འགྲོའི་ཆོས་རྒྱུགས་ཡོད་མེད་ ལོ་རྒྱུས་དྲི་ནི་ འགོ་བཙུགས་ནུག།
འདས་པའི་ལོ་ངོ་དག་པ་ཅིག་གི་ཧེ་མར་ སྔོན་འགྲོའི་ཆོས་རྒྱུགས་འགོ་བཙུགས་མི་དེ་ཡང་ ཞི་གཡོག་ཆོས་རྒྱུགས་རྐྱབ་མི་སྟོང་ཕྲག་མང་རབས་ཅིག་ འཐོན་དོ་ཡོདཔ་ལས་ བཅའ་སྒྲིག་དང་འབྲེལ་བའི་ དཀའ་ངལ་བྱུང་ནི་དེ་གིས་ཨིནམ་ད་ ན་ཧིང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༢,༤༠༠ དེ་ཅིག་གིས་ སྔོན་འགྲོའི་ཆོས་རྒྱུགས་ནང་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ འདི་བཟུམ་མའི་ ཆོས་རྒྱུགས་ལེན་དགོ་མི་དེ་ཡང་ སློབ་ཕྲུག་ཚུ་གི་ རིག་རྩལ་གནས་ཚད་ཅིག་ དགོ་མི་ལུ་བརྟེན་ཨིན་མས།
འདི་འབདཝ་ད་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དེ་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་ཅིག་ཨིནམ་ལས་ བཙག་འཐུ་གྲུབ་མི་གཞུང་གིས་ སྔོན་འགྲོའི་ཆོས་རྒྱུགས་མེདཔ་བཟོ་ནི་གི་ ཁས་བླངས་འབད་ཡོད་རུང་ ལྷན་ཚོགས་ཀྱི་ ཁ་ཐུག་ལས་ ཆ་མེད་མི་གཏང་ནི་ཨིན་པའི་ བསམ་ཚུལ་བཀོདཔ་ཨིན་མས།
འཛམ་གླིང་རྒྱལ་ཁབ་གཞན་ཚུ་ནང་འབད་བ་ཅིན་ ཞི་གཡོག་ཆོས་རྒྱུགས་དེ་ གནས་རིམ་༣ སྦེ་ རྐྱབ་སྲོལ་ཡོད་མི་དེ་ཡང་ མི་ངོ་དྲག་ཤོས་དང་ རིག་སྟོབས་ཅན་ཚུ་ གདམ་ཁ་འགྲུབ་ཚུགསཔ་ ངེས་བརྟན་བཟོ་ཐབས་ལུ་ཨིན་མས།
མི་སེར་དམངས་གཙོ་ཚོགས་པའི་ གཞུང་གསརཔ་གིས་ སྔོན་འགྲོའི་ཆོས་རྒྱུགས་དེ་ མེདཔ་བཟོ་ཚུགས་ནི་ཨིན་རུང་ དུས་ཡུན་རིངམོ་སྦེ་ འགོར་ནི་བཟུམ་ཡོདཔ་ད་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་འབད་བ་ཅིན་ ཆ་མེད་གཏང་པ་ཅིན་ འདས་པའི་སྤྱི་ཚོགས་ཀྱིས་ ཆ་འཇོག་གྲུབ་མི་ ཞི་གཡོག་བཅའ་ཁྲིམས་དེ་ འཕྲི་སྣོན་འབད་དགོ་ཟེར་ཨིན་མས།
གཞུང་གསརཔ་གིས་ ཁས་བླངས་འབད་མི་གཞན་དེ་ མཐར་འཁྱོལ་མ་བྱུང་མི་ སློབ་ཕྲུག་ཚུ་ སློབ་རིམ་༡༠ པ་དང་༡༢ པའི་ཆོས་རྒྱུགས་དེ་ གཞུང་གི་སློབ་གྲྭ་གཅིག་ནང་ར་ ལོག་རྐྱབ་ཆོགཔ་བཟོ་ནི་ཨིནམ་ལས་ ན་གཞོན་ཚུ་གིས་ ལེགས་བསྒྱུར་དེ་ལུ་ རེ་བ་བསྐྱེདཔ་ཨིན་མས།
གཞུང་གསརཔ་གིས་ ཁས་བླངས་འབད་མི་ཚུ་ འགྲུབ་ཚུགས་རུང་མ་ཚུགས་རུང་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ གྲུབ་འབྲས་ལུ་ ལྟ་ཞིབ་འབད་འོང་ཟེར་ ཞུ་ནི་ཨིན།

1 comment:

  1. རྩོམ་སྒྲྲིག་པའི་འཆ་ར་སྣང་བཀོད་མི་འདི་ ངེས་བདེན་ཨིན་ཟེར་ཞུ་ནི་ཨིན། ན་གཞོན་མང་ཤོས་ཅིག་ར་ ཤེས་ཡོན་རྩ་འགེངས་ཏེ་
    ལྷབ་ཚར་བའི་ཤུལ་ལུ་ ཁོང་ར་གིས་བློ་འདོད་བཀོད་དོ་བཟུམ་ ལཱ་གཡོག་གི་གོ་སྐབས་མ་ཐོབ་པར་ སེམས་ཤི་སྟེ་ ཁྲོམ་ཁར་འཁྱམས་སྡོད་ས་ ལེཤ་མཐོངམ་ཨིནམ་ལས་ ད་རེས་དམངས་གཙོ་ཚོགས་པའི་ཁས་བླངས་འབད་མི་ལུ་ ན་གཞོན་ཚུ་གིས་
    བདག་གཞན་གཉིས་ལུ་ཕན་པའི་མནོ་བསམ་རྒྱ་ཆེཝ་འབད་བཏང་སྟེ་ རང་ལུ་དབང་ཚད་ཡོད་མི་ཚོགས་རྒྱན་ཕུད་དོག་གཅིགཔོ་འདི་ དམངས་གཙོ་ཚོགས་པ་ལུ་བཙུགས་ཏེ་ གཞུང་སྐྱོང་ནིའི་གོ་སྐབས་བཟོ་ཡོདཔ་ལས་ ཚོགས་པའི་ཧཽངས་ལས་འབད་
    རུང་ ཁ་དང་ལགཔ་རྟགས་མཐུནམ་འབད་ གཞུང་གསརཔ་འགོ་བཙུགསཔ་ཅིག་ར་ དཀའ་ངལ་འདི་ངེས་པར་སེལ་གནང་དགོཔ་འདུག་ཟེར་ཞུ་ནི་ཨིན། དེ་མེན་པ་ཅིན་ ན་གཞོན་ཚུ་ལུ་མགོ་བསྐོར་རྐྱབ་དོ་བཟུམ་ཅིག་ཨིནམ་ལས་ གཞུང་གི་དབུ་ཁྲིད་
    ལུ་བྱ་སྟབས་མ་བདེཝ་འཐོན་འོང་ཟེར་ཞུ་ནི་ཨིན། བཀྲིན་ཆེ།

    ReplyDelete