གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲོམ་ས་བགོ་བཀྲམ་འབད་ནིའི་དོན་ལུ་ ས་འཇལ་ལྷན་ཚོགས་ལས་ མཐའ་བཅད་ཡིག་ཆ་ལུ་ སྒུག་དོ་ཡོདཔ།

༢༧/༧/༢༠༡༣   ༉ རྩི་རང་རྫོང་ཁག་གི་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཁྲོམ་གྱི་ས་ཁོངས་ནང་ ས་ཆ་འཆང་མི་ཚུ་ལུ་ ས་ཆ་བགོ་བཀྲམ་འབད་ནིའི་དོན་ལུ་ གྲ་སྒྲིག་ཡོད་རུང་ རྒྱལ་ཡོངས་ས་འཇལ་ལྷན་ཚོགས་ལས་ མཐའ་བཅད་ཡིག་ཆ་ཚུ་ མ་ལྷོད་ནི་དེ་གིས་ སྒུག་སྟེ་ཡོད་ཟེར་ཨིན་པས།
སྡོད་ཁྱིམ་མ་ཐོབ་པའི་ དཀའ་ངལ་བྱུང་མི་ རྩི་རང་འགྲམ་ཕུག་གི་ཁྲོམ།


ཁྲོམ་སྡེ་ནང་ ས་ཚན་དང་ སའི་ཇོ་བདག་གི་ཐོ་དང་ ས་ཁྲ་ཚུ་ཡོད་རུང་ འདས་པའི་ལོ་ནང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ ས་ཆ་བསྐྱར་འཇལ་འབད་བའི་ཤུལ་ལུ་ མཐའ་བཅད་ཡིག་ཆ་ཚུ་ རྫོང་ཁག་ནང་ མ་ལྷོད་པར་ཡོདཔ་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ས་ཆ་བསྐྱར་འཇལ་འབད་དེ་ ལོ་ལྷག་སོ་རུང་ ད་ལྟོ་ གཏན་འཁེལ་ཡིག་ཆ་ཚུ་ མ་ལྷོད་པར་ཡོདཔ་ལས་ ཡིག་ཆ་ཚུ་ གང་མགྱོགས་འཐོབ་ཚུགས་པ་ཅིན་ ཁྲོམ་སྡེའི་ཁ་ཐུག་ལས་ ས་ཆ་བགོ་བཀྲམ་འབད་ཆོག་ཆོ་ཡོད་ཟེར་ཨིན་པས།
རྩི་རང་ཁྲོམ་གྱི་དོན་ལུ་ ས་ཆ་ཨེ་ཀར་༢༤༧ ཡོདཔ་ད་ ནང་འཁོད་ས་ཁོངས་འཆར་གཞི་ཀ་པ་དང་ ཁ་པ་ དེ་ལས་ ག་པ་སྦེ་ ཁག་༣ སྦེ་ འཆར་གཞི་བཟོ་སྟེ་ཡོདཔ་ཨིན་པས།
ནང་འཁོད་ས་ཁོངས་འཆར་གཞི་ཀ་པ་དེ་ འགྲམ་ཕུག་འབྲིང་རིམ་སློབ་གྲྭ་གོང་མ་ལས་ ས་མར་ཁུ་བཀྲམ་སྤེལ་ཁང་ཚུན་དང་ ཁ་པའི་ནང་ ས་མར་ཁུ་བཀྲམ་སྤེལ་ཁང་ལས་ ད་ལྟོ་ཡོད་པའི་ ཁྲོམ་གྱི་ས་ཁོངས་ཚུ་བརྩིས་ཏེ་ རྫོང་ཁག་ཁྲིམས་ཁང་དང་ ག་པ་དེ་ ཁྲིམས་ཁང་ལས་ གྲྭ་ཚང་གི་ས་ཁོངས་ཚུན་ ཚུད་དོ་ཡོདཔ་ཨིན་པས།
ཁྲོམ་སྡེའི་བཟོ་རིག་བཀོད་འགོ་དཔོན་ བཀྲ་ཤིས་ཆོས་འཕེལ་གྱིས་ སླབ་མིའི་ནང་ ད་ལྟོ་ ཁྲོམ་སྡེའི་ཁ་ཐུག་ལས་ ས་ཁོངས་འཆར་གཞི་ག་པའི་ནང་ ཚུད་མི་ས་ཆ་ཚུ་ བཟོ་སྐྲུན་གྱི་དོན་ལུ་ བགོ་བཀྲམ་འབད་ཆོག་ཆོ་ཡོདཔ་ལས་ ད་ལྟོ་ ས་ཆ་ལྷན་ཚོགས་ནང་ལས་ ཡིག་ཆ་ལུ་སྒུག་སྟེ་ ཡོད་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་ སླབ་མིའི་ནང་ ད་ལྟོ་ གནས་བཞིན་ཡོད་མི་ ཁྲོམ་གྱི་སྒྲིང་ཁྱིམ་ཚུ་བརྩིས་ཏེ་ ས་ཁོངས་ཁ་པའི་ནང་ ས་གོ་༥༨ རྐྱངམ་གཅིག་ འཆར་གཞི་ནང་ཚུད་ཡོད་རུང་ ས་གོ་གཞན་གྱི་སྐོར་ལས་ ཞབས་ཏོག་ལྷན་ཁག་གི་ ཁྲོམ་སྡེ་གོང་འཕེལ་དང་བཟོ་རིག་ཞབས་ཏོག་ལས་ཁུངས་ཀྱིས་ རྩམ་པའི་བསྒང་ཡོདཔ་ད་ ནང་འཁོད་ས་ཁོངས་འཆར་གཞི་ ཀ་པའི་ཐད་ལུ་ ཁྲོམ་ས་སྦེ་ ངོས་འཛིན་འབད་ཡོད་རུང་ འཆར་གཞི་མ་རྩམ་པར་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁྲོམ་གྱི་ས་ཁོངས་ནང་ ཀི་ལོ་མི་ཊར་༡.༨ འབད་མི་ གཞུང་ལམ་གྱི་ ཟུར་ལམ་ཡང་ཚུད་དོ་ཡོདཔ་ད་ ད་ཚུན་ལུ་ མི་ཊར་༨༠༠ དེ་ཅིག་ བསལ་ཡོད་པའི་ལྷག་ལུས་ ཀི་ལོ་མི་ཊར་༡ པོ་དེ་ཡང་ ལོ་༥ འི་འཆར་གཞི་༡༡ པའི་ ལོ་ངོ་དང་པའི་ནང་ བསྒྲུབ་ནིའི་དོན་ལུ་ བཟོ་བཀོད་དང་ ཟད་རྩིས་ཚུ་བཏོན་ཡོདཔ་ལས་ འཕྲལ་མགྱོགས་ར་ ཁག་འབག་ལུ་ མཁོ་སྤྲོད་འབད་ནི་ཨིན་ཟེར་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
བཀྲ་ཤིས་ཆོས་འཕེལ་གྱིས་ སླབ་མིའི་ནང་ ཁྲོམ་གྱི་ས་ཁོངས་ནང་ འཐུང་ཆུ་ལ་སོགས་པའི་ གཞི་རྟེན་མཁོ་ཆས་ཚུ་ བཟོ་སྐྲུན་འབད་ནིའི་དོན་ལུ་ ཟད་འགྲོ་མ་དངུལ་ཡང་ ལོ་༥ འི་འཆར་གཞི་༡༡ པའི་ནང་ བཙུགས་ཏེ་ཡོད་ཟེར་ཨིན་པས།
ས་ཚན་ཚུ་ བགོ་བཀྲམ་འབད་བའི་ཤུལ་ལས་ ད་རེས་ནངས་པ་ གཞུང་གསརཔ་གིས་ ཁས་བླངས་དང་བསྟུན་ དངུལ་ཁང་ཚུ་ནང་ལས་ ཁྱིམ་རྐྱབ་ནིའི་དོན་ལུ་ བསྐྱིན་འགྲུལ་ལུ་སྒུག་སྡོད་མི་ སའི་ཇོ་བདག་ཚུ་གིས་ སྒྲིང་ཁྱིམ་ཚུ་རྐྱབ་ནི་ འགོ་བཙུགས་ནི་ཨིནམ་ལས་ དེ་གིས་ ད་རེས་ནངས་པ་ ཁྲོམ་ཁར་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་ཡོད་མི་དེ་ཡང་ བསལ་ཚུགས་ནི་ཨིན་པས།
ཁྲོམ་གྱི་ས་ཁོངས་ནང་ ས་ཚན་ཡོད་མི་ཅིག་གིས་ སླབ་མིའི་ནང་ གཞུང་གསརཔ་གིས་ ཁྱིམ་རྐྱབ་ནིའི་དོན་ལུ་ བསྐྱིན་འགྲུལ་བྱིན་ནིའི་སྐོར་ལས་ ཁས་བླངས་འབད་མི་དང་འཁྲིལ་ཏེ་ འཐོབ་ནིའི་རེ་བ་ཡོདཔ་ལས་ བསྐྱིན་འགྲུལ་འགོ་བཙུགས་པ་ཅིན་ ཁྱིམ་རྐྱབ་ནི་འགོ་བཙུགས་ནི་ཟེར་ཨིན་པས།
ད་རེས་ནངས་པ་ ཁྲོམ་གྱི་ས་ཁོངས་ནང་ ཨ་རྟག་ར་ སྡོད་ཁྱིམ་འཚོལཝ་འཚོལ་སར་སྡོད་མི་ཅིག་ རྫོང་ཁག་གི་ ལས་བྱེདཔ་ཅིག་ཨིན་མི་ ཚེ་དབང་རྡོ་རྗེ་དེ་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ སྡོད་ཁྱིམ་མ་ཐོབ་མི་ལུ་བརྟེན་ ཉེ་འདབས་ཀྱི་ གཡུས་ཚན་ནང་ རྐང་སྟོང་ཐག་རིང་སར་ ལམ་འགྱོ་དགོ་པའི་ས་ཁར་ ཁྱིམ་ཅིག་ ཁང་གླར་ལེན་ཏེ་ སྡོད་དོ་ཡོདཔ་ཨིན་པས།
ཁྲོམ་ཁར་ས་ཚན་ཚུ་ བགོ་བཀྲམ་འབད་བ་ཅིན་ སྒྲིང་ཁྱིམ་ཚུ་ལས་ཀྱིས་ར་ བརྐྱབ་ནི་འགོ་བཙུགས་ནི་ཨིནམ་ལས་ ཁོ་གིས་ ཁྲོམ་ཁར་སྡོད་ཁྱིམ་འཐོབ་ཚུགས་ནི་མས་ཟེར་ སླབ་ཨིན་པས།
རྩི་རང་ཁྲོམ་དེ་ ཁྲོམ་སྡེ་ཁ་པ་ཨིནམ་ད་ དེ་ནང་ གཏན་འཇགས་ཀྱི་ མི་རློབས་༥༠༠༠ དེ་ཅིག་ཡོདཔ་བཞིན་དུ་ ཁྲོམ་སྡེ་ཁ་པའི་གནས་ཚད་དང་ ལྡནམ་སྦེ་ཡོད་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment