གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བློན་པོའི་མི་ངོམ་ཚུ་ སྤྱི་ཟླ་༧ པའི་ཚེས་༢༥ ལུ་ གསལ་སྟོན་འབད་ནི།

༢༢/༧/༢༠༡༣   ༉ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ཚུ་གི་གྲས་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོའི་གོ་གནས་ཚུ་ ག་གིས་འཆང་ནི་ཨིན་ནའི་སྐོར་ལས་ ཉིན་གྲངས་༢ དང་༣ གྱི་རྒྱབ་ལས་ ཤེས་ཚུགས་ནི་ཨིན་པས།


མི་སེར་དམངས་གཙོ་ཚོགས་པ་གིས་ བརྡ་བརྒྱུད་ཞལ་འཛོམས་འཚོགས་པའི་སྐབས་ལུ་ བཤད་མི་དང་འཁྲིལཝ་ད་ བཀོད་ཁྱབ་ཚོགས་ཆུང་ནང་ གྲོས་བསྟུན་འབད་ནིའི་དོན་ལུ་ བློན་པོའི་གོ་གནས་འཆང་མི་ཚུ་ ཁ་ཙ་ གདམ་འཐུ་འབད་ནི་ཨིན་རུང་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ བསོད་ནམས་རྒྱ་མཚོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བློན་པོའི་གདམ་ངོ་ཚུ་གི་ མིང་ཐོ་ཚུ་ ད་ལྟོ་ གྲ་སྒྲིག་མེདཔ་ལས་བརྟེན་ སྤྱི་ཟླ་༧ པའི་ཚེས་༢༥ ལུ་ གསལ་སྟོན་འབད་ནི་སྦེ་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བློན་ཆེན་གྱི་གདམ་ངོ་ཨིན་མི་ ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ལུ་ བློན་པོའི་འདེམས་ངོ་ཚུ་ བཙག་འཐུ་འབད་ནི་གི་ འགན་ཁུར་ཕོག་སྟེ་ཡོདཔ་ལས་ གཙོ་འཛིན་གྱིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་དང་འཁྲིལ་ཏེ་ ལྷན་རྒྱས་གཞུང་ཚོགས་ནང་ ལྕོགས་གྲུབ་ཅན་དང་ ཡོན་ཏན་ཡོད་མི་ འདེམས་ངོ་ཚུ་ དགོ་ནི་ཨིན་ཟེར་ཨིན་པས།
ཨིན་རུང་ བློན་ཆེན་གྱི་འདེམས་ངོ་ ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱལ་ཁབ་ནང་ བསྐུལ་བསྒྲགས་འབད་བའི་སྐབས་ལུ་ ལྷན་ཁག་གཅིག་ ཁོ་ར་གིས་ བདག་འཛིན་འཐབ་ནི་ཨིན་ཟེར་ཨིན་པས།
བསོད་ནམས་རྒྱ་མཚོ་གིས་འབད་བ་ཅིན་ བློན་ཆེན་གྱི་འདེམས་ངོ་གིས་ བློན་པོ་བསྐོ་བཞག་འབད་ནི་གི་ མིང་ཐོ་ཚུ་ མ་སླབ་སྟེ་འབད་རུང་ ཁོ་གིས་ ཚོགས་པའི་འདེམས་ངོ་ཚུ་དང་ གྲོས་བསྟུན་ལེགས་ཤོམ་འབད་ཞིནམ་ལས་ མི་དྲག་པའི་ནང་དྲགཔ་ གདམ་འཐུ་འབད་དེ་ ལྷན་རྒྱས་གཞུང་ཚོགས་ འཚོག་ནི་ཨིན་ཟེར་ཨིན་པས།
ད་ལྟོ་ བློན་པོ་གི་གོ་གནས་ལུ་ བསྐོ་བཞག་འབད་ནི་བཟུམ་ཅིག་ཡོད་མི་དེ་ཡང་ གཞལམ་སྒང་ལས་ ལེགས་སྐྱིད་རྡོ་རྗེ་དང་ མགར་ས་ལས་ དམ་ཆོས་རྡོ་རྗེ་ བཀྲིས་སྒང་ལས་ ནོར་བུ་དབང་ཕྱུག་དང་ རྡོ་རྗེ་ཆོས་སྒྲོན་ ལྷུན་རྩེ་ལས་ ཡེ་ཤེས་རྡོ་རྗེ་ མོང་སྒར་ལས་འཇིགས་མེད་བཟང་པོ་ བསམ་གྲུབ་ལྗོངས་མཁར་ལས་ མིང་པོ་འབྲུག་པ་ གསར་སྤང་ལས་ རིག་འཛིན་རྡོ་རྗེ་ བསམ་རྩེ་ལས་ རི་ཏུ་རཱཇ་དང་ ཊེག་བྷ་དུར་སུ་བ་ཚུ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ བསྐུལ་བསྒྲགས་འབད་བའི་སྐབས་ལུ་ ཤར་ཕྱོགས་རྫོགས་ཁག་ཚུ་ལས་ བློན་པོ་༥ གསར་བསྐོ་འབད་ནི་ཨིན་ཟེར་ སླབ་ཡོདཔ་ད་ བསམ་རྩེ་ལས་ བློན་པོ་༡ བསྐོ་བཞག་འབད་ནི་ཨིན་ཟེར་ ཁས་བླངས་འབད་ཡོདཔ་ཨིན་པས།
ཁྲོམ་ཁ་ལུ་ མི་མང་ཤོས་ཅིག་གིས་ར་ བློན་པོའི་གོ་གནས་ གསར་བསྐོ་འབད་ནིའི་སྐོར་ལས་ ལོ་རྒྱུས་ཚུ་ སླབ་དོ་ཡོདཔ་ད་ ཤེས་རིག་གི་ རྒྱབ་རྟེན་སྒྲིང་སྒྲིང་ཡོད་མི་ ལེ་ཤ་ཡོད་ནི་དེ་གིས་ ཤེས་རིག་བློན་པོའི་གོ་གནས་ལུ་ དཀའ་ངལ་མེདཔ་ཨིན་རུང་ དངུལ་རྩིས་ཀྱི་ རྒྱབ་རྟེན་ཡོད་མི་ མེད་ནི་དེ་གིས་ དངུལ་རྩིས་བློན་པོའི་གོ་གནས་འཆང་མི་ མི་ཐོན་ནི་མས་ཟེར་བའི་ ལོ་རྒྱུས་སླབ་མི་ཡང་ ཡོདཔ་ཨིན་པས།
འབྲུག་གི་རྩ་ཁྲིམས་ཆེན་མོ་དང་འཁྲིལཝ་ད་ ལྷན་ཁག་གི་གྱངས་ཁ་ ཡར་སེང་འབད་ནི་དང་ མར་ཕབ་འབད་ནི་ཚུ་ སྤྱི་ཚོགས་ནང་ལས་ ཆ་འཇོག་འབད་དགོཔ་སྦེ་ འཁོད་དེ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment