གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

འདས་པའི་ལོ་ནང་གི་ ཉམས་སྣང་ཚུ་ལས་ཤེས་རྟོགས།
 

༉ རང་ལུགས་གནམ་ལོ་ཆུ་མོ་སྦྲུལ་ལོ་འགོ་བཙུགས་ཡོད་མི་དང་བསྟུན་ འདས་པའི་འབྲུག་ལོ་ལུ་ རྒྱབ་ལོག་བལྟ་བ་ཅིན་ ལོ་དེ་ནང་བྱུང་མི་ ཉམས་སྣང་ཤེས་རྟོགས་འབྱུང་དགོཔ་དང་ རྐྱེན་ངན་ཚུ་ སྔོན་འགོག་འབད་དགོ་པའི་ མངོན་གསལ་བྱུང་ཡི།
དེ་ཡང་ འབྲུག་ལོ་དེ་ནང་ འབྲུག་པའི་མི་སེར་ཚུ་གིས་ ཁྱིམ་མཚེས་རྒྱལ་ཁབ་སྦོམ་ཤོས་གཉིས་ཀྱི་བར་ན་ སྐོབས་ཚུད་རྒྱལ་ཁབ་ཆུང་ཀུ་སྦེ་ གནས་ཡོད་མི་ལུ་ བསམ་ཞིབ་མཐིལ་ཕྱིན་འབད་དགོ་པའི་ མཁོ་གལ་ཚུ་ བྱུང་ཡོདཔ་ཨིན།
འབྲུག་ལོའི་སྐབས་ལུ་ རྒྱལ་ཡོངས་ཀྱི་ དྲན་རྟེན་རྩ་ཆེ་ཤོས་ཅིག་ཨིན་མི་ དབང་འདུས་ཕོ་བྲང་རྫོང་ལུ་ མེ་རྐྱེན་བྱུང་སྟེ་ དུས་ཡུན་ཆུ་ཚོད་དག་པ་ཅིག་གི་ ནང་འཁོད་ལུ་ ཐལ་བར་བརླགས་བཏང་ཡོདཔ་ད་ རྐྱེན་ངན་དེ་གིས་ ང་བཅས་ཆ་ཁྱབ་ ད་རིས་ནངས་པ་ཡང་  འདི་བཟུམ་མའི་ གནོད་ཉེན་ཚུ་ལུ་ གྲ་སྒྲིག་མེད་པའི་ གསལ་སྟོན་འབད་ཡི།
འབྲུག་རྒྱལ་ཁབ་ནང་ རྫོང་གཞིས་རྙིངམ་ཚུ་ལུ་ མེ་མཆོད་བཞེས་མི་དེ་ དབང་འདུས་ཕོ་བྲང་རྫོང་རྐྱངམ་གཅིག་མེན་པར་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་དང་ སྤ་རོ་སྟག་ཚང་ མགར་ས་རྫོང་ཚུ་ལུ་ཡང་ མེ་རྐྱེན་བྱུངམ་ལས་ ལོག་གསར་བཞེངས་དང་ ཉམས་གསོ་ཞུ་དགོཔ་ བྱུང་ཡོདཔ་ད་ ཉམས་སྣང་དེ་ཚུ་ལུ་བལྟ་སྟེ་ མེ་རྐྱེན་ཚུ་ལས་ སྔོན་འགོག་འབད་ནི་གི་ ཐབས་ལམ་ཚུ་ སྒྲིང་སྒྲིང་སྦེ་ ལག་ལེན་འཐབ་དགོཔ་ཨིན།
ད་རུང་ འབྲུག་མི་ཚུ་གིས་ སེམས་ཁར་བཞག་དགོཔ་ཅིག་ ག་ཅི་ཡོདཔ་སྨོ་ཟེར་བ་ཅིན་ ང་བཅས་རའི་ རྒྱལ་ཁབ་ཀྱི་ དཔལ་འབྱོར་འདི་ ཕྱིའི་གྲོགས་རམ་ཚུ་ལུ་ བརྟེན་བཞིན་དུ་ཡོད་པའི་ མངོན་གསལ་བྱུང་མི་དེ་ཡང་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པིའི་དཀའ་ངལ་ལུ་བརྟེན་ བཟོ་སྐྲུན་དང་ ནང་འདྲེན་ཚུ་ལུ་ ཐོ་སྦོམ་སྦེ་ར་ ཕོག་ཡོད་མི་ལས་ ཤེས་རྟོགས་བྱུང་ཡི།
འདི་བཟུམ་མའི་ དཀའ་ངལ་བྱུང་མི་དེ་ གཙོ་བོ་ར་ ལས་མི་ཚུ་ལས་འགོ་བཟུང་ བཟའ་འཐུང་གི་རིགས་ཚུ་ ནང་འདྲེན་འབད་མི་ལུ་བརྟེན་ཨིནམ་ལས་ མཁས་མཆོག་དང་ ཚ་གྱང་ཅན་ཚུ་གིས་ ན་གཞོན་ཚུ་གི་ མནོ་ལུགས་བསྒྱུར་བཅོས་འབད་དེ་ རང་གིས་རང་གི་རྐང་མར་ ལོང་ཚུགསཔ་བཟོ་ནི་གི་ ཐབས་ལམ་ཚུ་ བཏོན་དགོ་པའི་ གྲོས་འཆར་ཚུ་ བཀོད་ཡོདཔ་ཨིན།
ཨིན་རུང་ སྦྲུལ་ལོའི་གདོང་ཕྱོགས་ལུ་ བལྟ་བ་ཅིན་ ད་རུང་ རྒྱལ་རབས་དང་ལྡན་པའི་ ལེགས་བསྒྱུར་གྱི་ ལོ་གཅིག་སྦེ་ གནས་ནི་ཨིན་མི་དེ་ཡང་ འབྲུག་པའི་མི་སེར་ཚུ་གིས་ རྒྱལ་ཁབ་ཀྱི་ སྤྱིར་བཏང་བཙག་འཐུ་གཉིས་པའི་ནང་ རང་སོའི་ཐོབ་དབང་ཚུ་ བསྟར་སྤྱོད་ཐོག་ལས་ གཞུང་དང་སྤྱི་ཚོགས་གསརཔ་ བཙག་འཐུ་འགྲུབ་ནི་ཨིན་མས།
ད་ལྟོའི་ གཞུང་འཛིན་ཚོགས་པ་དང་ སྤྱི་ཚོགས་དེ་ ཟླཝ་དག་པ་ཅིག་གི་ ནང་འཁོད་ལུ་ རྩ་གྲོལ་གཏང་ནི་ཨིནམ་ལས་ མི་སེར་ཚུ་གི་དོན་ལུ་ ཤུལ་མའི་དམངས་གཙོ་ཅན་གྱི་ གཞུང་དེ་ སྲིད་ཚོགས་ག་གིས་ སྐྱོང་ནི་ཨིན་ན་ སྲིད་ཚོགས་དྲག་ཤོས་གདམ་ཁ་རྐྱབ་ནི་དང་ བསམ་ཞིབ་འབད་ནི་གི་ དུས་ཚོད་ཅིག་ཨིན་མས།
ད་རེས་ནངས་པ་ སྲིད་དོན་ཚོགས་པ་བསྡོམས་༥ ཐོན་ཡོདཔ་ལས་ སྤྱི་ཚོགས་ཅན་གྱི་ བཙག་འཐུའི་བྱ་རིམ་ཐེངས་གཉིས་པའི་ ཚེས་གྲངས་ཚུ་ གསལ་བསྒྲགས་འབད་མི་དང་བསྟུན་ སྲིད་ཚོགས་ཚུ་གིས་ རང་སོའི་འདེམས་ངོ་ཚུ་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ངོ་སྤྲོད་དང་ ཁོང་ཆ་ཁྱབ་ ག་ཅི་སྦེ་ བཙག་འཐུ་འབད་དགོཔ་ཨིན་ན་ མི་མང་ལུ་ ཡིད་ཆེས་འདྲོངས་བཅུག་ནི་གི་ བསྐུལ་བསྒྲགས་ཚུ་ འགོ་བཙུགས་ནི་ཨིན་མས།
གནད་དོན་ཚུ་ ག་དེ་སྦེ་ར་ཨིན་རུང་ སྦྲུལ་ལོའི་སོར་བསྒྱུར་གྱི་ ལམ་ཕྱོགས་ལུ་ ཞུགསཔ་དང་གཅིག་ཁར་ ང་བཅས་ཆ་ཁྱབ་ཀྱིས་ འདས་པའི་ལོ་ནང་གི་ ཉམས་སྣང་ཚུ་ལུ་ བསམ་ཞིབ་ཐོག་ འཐུས་ཤོར་བྱུང་མི་ཚུ་ ལེགས་བསྒྱུར་བཟོ་ནི་གི་ མནོ་བསམ་གཏང་དགོ་ཟེར་ ཞུ་ནི་ཨིན།

4 comments:

  1. སྤུ་་ན་ཁ་ཁུ་རུ་ཐང་གི་ མར་ཁུ་བླུགས་ས་འདི་ ཡོད་རུང་མེད་རུང་ ཁུངས་མིན་འདུག་ཟེར་ཞུ་ནི་ཨིན། དུས་ཚོད་མང་ཤོས་ཅིག་མར་ཁུ་མི་ཐོབ་པའི་ཁར་ མེ་རླུང་རྒྱ་ཛི་ཚུ་ཡང་་མི་གནགཔ་ཚུ་གིས་སོར་དགོ་པ་ཅིན་ ཟླཝ་བདུན་དང་བརྒྱད་སོང་རུང་སོར་མི་ཚུགས་པས། མར་ཁུ་བླུགས་སའི་ལས་བྱེདཔ་ཚུ་གིས་ མེ་རླུང་རྒྱ་ཛི་ཚུ་ ལྷོདཔ་ད་ ས་ཐག་རིང་ས་དང་ ཡང་ན་ ཧེ་མ་ལྷོད་མི་ཚུ་ལུ་བྱིན་ནི་མིན་པར་ ཁོང་རའི་ངོ་ཤེས་དྲེས་ཤེས་ རེ་དགོ་པའི་མི་ཚུ་ལུ་བྱིནམ་ཨིན་པས། འདི་བཟུམ་གྱི་ཚོང་འབྲེལ་ཞབས་ཏོག་ཚུ་ལུ་ གནས་ཚུལ་བསྡུ་ལེན་པ་ཚུ་གི་ཁ་ཐུག་ལས་རྒྱབ་སྐྱོར་གནང་ཚུགས་པ་ཅིན་ མི་དམང་ལུ་ཕན་ནི་མས་ཟེར་ཞུ་ནི་ཨིན།

    ReplyDelete