གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་ལུ་གསར་བཙུགས་ནང་ རྣམ་དག་མེད་པའི་ ཁ་ཉེས་བཀལ་ཡོདཔ།


ཕམ་ལ་ལུ་ཅིག་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཞིབ་དཔྱད་ཀྱི་དོན་ལུ་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།
བཀྲིས་བསྟན་འཛིན།

༉ ཨ་ལུ་ཚུ་ ལོག་སློབ་གྲྭ་ནང་ འཛུལ་ཞུགས་འབད་དེ་ ཟླཝ་ལང་ཡོད་རུང་ སློབ་གྲྭའི་དབུ་འཛིན་ཚུ་གིས་ ཉེ་རིང་ཕྱེ་ཐོག་ལས་ ལོ་ཚད་མ་ལང་མི་ ཨ་ལུ་ཚུ་  བློ་གསར་སློབ་རིམ་ནང་ བཙུགས་ཡོད་པའི་སྐོར་ལས་ ཕམ་ལ་ལུ་གིས་ ཉོགས་བཤད་བཀོད་ཡོདཔ་མ་ཚད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ཡང་ ཞུ་ལོག་རྐྱབ་ཡོདཔ་ཨིན་པས།

དེ་ཡང་ བུམ་ཐང་ལུ་ ཕམ་དག་པ་ཅིག་གིས་ གངས་རི་ཐང་སློབ་གྲྭ་ཆུང་བའི་ནང་ ཁོང་གི་ཨ་ལུ་ལས་ ལོ་ན་ཆུང་མི་ཚུ་ལུ་ གོ་སྐབས་བྱིན་ཡོད་རུང་ ཁོང་ལུ་ མ་བྱིན་མི་དེ་ ཆགས་སྡང་ཕྱོགས་རིས་ཕྱེ་བའི་ ལག་ལེན་ཅིག་ཨིན་པས་ཟེར་ ཉོགས་བཤད་བཀོད་ནུག།
ཕམ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གི་ཨ་ལུ་ ལོ་ལྔ་དང་ ཟླཝ་དག་པ་ཅིག་ལང་མི་དེ་ སློབ་གྲྭ་དེ་ནང་ བཙུག་ནི་སྦེ་ ཁྱིད་སོངམ་ད་ སློབ་གྲྭའི་དབུ་འཛིན་གྱིས་ གཞུང་གི་སྲིད་བྱུས་དང་ ལམ་ལུགས་དང་འཁྲིལ་ ཨ་ལུ་ལོ་ཚད་༦ ལང་མི་རྐྱངམ་གཅིག་ བཙུགསཔ་ཨིན་ཟེར་ སླབ་མི་ལུ་བརྟེན་ ལོག་སོང་བའི་ཤུལ་ལུ་ ཁྱིམ་ཚང་ཅིག་གི་ཨ་ལུ་ ལོ་༥ མ་ལང་མི་དེ་ ངོས་ལེན་ཐོག་ སློབ་གྲྭ་ནང་ བཙུགས་ཡོད་པའི་ མཐོང་གསལ་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་ ངོ་ཤེས་མི་ ཕམ་ཅིག་གི་ཨ་ལུ་ ལོ་༥ མ་ལང་རུང་ སློབ་གྲྭ་ནང་ བཙུགས་ཡོདཔ་ལས་ ཁོ་གི་ཨ་ལུ་ ལོ་༥ ལྷག་མི་ལུ་ གོ་སྐབས་གནང་མི་ཚུགས་ག་ཟེར་ དབུ་འཛིན་ལུ་ ཞུ་བ་འབདཝ་ད་ དབུ་འཛིན་དེ་གིས་ རྫོང་ཁག་ཤེས་རིག་འགོ་དཔོན་ཕར་བཞག་  རྫོང་བདག་གིས་ མཚན་རྟགས་བཀོད་དེ་ ཡི་གུ་འབག་འོང་རུང་ བཙུགས་མི་ཚུགས་ཟེར་ སླབ་ཅི་ཟེར་ ཨིན་པས།
ད་རུང་ ཕམ་གཞན་ཅིག་གིས་ སླབ་མིའི་ནང་ ཁོ་གིས་ ངོ་ཤེས་མི་ ལོ་༤ ལང་མི་ ཨ་ལུ་ཅིག་ སློབ་གྲྭ་གིས་ ངོས་ལེན་འབད་སར་མཐོང་སྟེ་ ཁོ་གི་ཨ་ལུ་ཡང་ བཙུག་ནིའི་དོན་ལུ་ ཞུ་བ་འབདཝ་ད་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
དེ་འབདཝ་ད་ སློབ་གྲྭའི་དབུ་འཛིན་གྱིས་འབད་བ་ཅིན་ ཤེས་རིག་གི་ སྲིད་བྱུས་དང་འཁྲིལཝ་ད་ སློབ་གྲྭ་ནང་ འཛུལ་ཞུགས་འབད་ནིའི་ ལོ་ཚད་དེ་ ཨ་ལུ་ལོ་༦ ལང་དགོཔ་ཨིན་རུང་ ས་སྟོང་དང་འཁྲིལ་ཏེ་ ལོ་༦ ཨ་ཙི་རེ་མ་ལང་མི་ཚུ་ཡང་ བཙུགས་དོ་ཟེར་ཨིནམ་ད་ དེ་འབདཝ་ད་ སྤྱི་ལོ་༢༠༠༧ གྱི་ལོ་ནང་ སྐྱེས་མི་ཨ་ལུ་ཕུད་རྡོག་གཅིག་ཡང་ མ་བཙུགས་ཟེར་ཨིན་པས།
དབུ་འཛིན་གྱིས་འབད་བ་ཅིན་ སློབ་དཔོན་སྡེ་ཚན་ཅིག་གིས་ ཨ་ལུའི་སྐྱེ་ཚེས་ལག་ཁྱེར་ཚུ་ དབྱེ་ཞིབ་འབད་དེ་ བཙུགས་ཡོད་རུང་ ཁོང་ལུ་ ཞིབ་དཔྱད་མཐིལ་ཕྱིན་འབད་ནི་གི་ ལྕོགས་གྲུབ་མེདཔ་ལས་ ཕམ་ལ་ལུ་གིས་ སྐྱེ་རྩིས་དང་ སྐྱེ་ཁུངས་ངོ་སྦྱོར་ལག་ཁྱེར་ རྫུས་མ་བཟོ་སྟེ་ བཙུགས་ཡོད་པ་ཅིན་ ཁོང་ལུ་ འབད་ཐབས་ག་ནི་ཡང་མིན་འདུག་ཟེར་ཨིན་པས།
དབུ་འཛིན་གྱིས་ སླབ་མིའི་ནང་ སློབ་གྲྭ་འཛིན་སྐྱོང་གི་ ཁ་ཐུག་ལས་ ཨ་ལུ་ཚུ་ དྭངས་གསལ་སྦེ་ བཙུགས་ཡོདཔ་ཨིན་རུང་ ཉོགས་བཀོད་འབད་མི་ ཕམ་ལ་ལུ་ཅིག་གི་ མཐོང་སྣང་ལུ་ འཛུལ་ཞུགས་ནང་ རྣམ་དག་མ་འགྱོ་བའི་ དོགས་སྣང་བྱུང་ཡོད་པ་ཅིན་ ཕམ་ཚུ་ སློབ་གྲྭ་ནང་འོང་སྟེ་ ལོ་ཚད་དང་མ་འཁྲིལ་བར་ ཨ་ལུ་བཙུགས་ཡོད་པའི་ ཁ་ཉེས་བཀལ་མི་ཚུ་ ངོས་འཛིན་འབད་བྱིན་པ་ཅིན་ སློབ་གྲྭའི་བདག་སྐྱོང་གིས་ཡང་ ལག་ཁྱེར་རྫུས་མ་བཟོ་མི་ཚུ་ བདའ་ཟུན་ཚུགས་ནི་མས་ཟེར་ དབུ་འཛིན་གྱིས་ བཤདཔ་ཨིན་པས།
རྫོང་ཁག་ཤེས་རིག་འགོ་དཔོན་ ལམ་གྲགས་དབང་འདུས་ཀྱིས་ སླབ་མིའི་ནང་ བློ་གསར་སློབ་རིམ་གྱི་དོན་ལུ་ དབུ་འཛིན་ཚུ་གིས་ བཙུགས་དོ་ཡོདཔ་ལས་ ཁོང་གིས་ཡང་ ལག་ཁྱེར་རྫུས་མ་བཟོ་མི་ཚུ་ བདའ་ཟུན་ཚུགས་པར་ ལཱ་ཁག་ཡོདཔ་ཨིནརུང་ ཤེས་རིག་གི་ སྲིད་བྱུས་ནང་ ཨ་ལུ་ལོ་༦ ལང་མི་ཚུ་རྐྱངམ་གཅིག་ བློ་གསར་སློབ་རིམ་ནང་ བཙུགས་ཆོགཔ་སྦེ་ཡོད་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཕམ་དག་པ་ཅིག་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཞུ་བ་ཕུལ་ཡོད་པའི་ཁར་ ལ་ལུ་གིས་ ཤེས་རིག་བློན་པོ་ལུ་ཡང་ ཞུ་ཡིག་ཕུལ་ཡོདཔ་ཨིན་པས།
ཉོགས་བཤད་དེ་གི་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལྷན་འཛིན་ སྐལ་བཟང་རྒྱ་མཚོ་གིས་ སླབ་མིའི་ནང་ ཉོགས་བཤད་བརྟག་དཔྱད་འབད་མི་ སྡེ་ཚན་གྱིས་ ཞིབ་དཔྱད་འབད་ནི་གི་ འོས་འབབ་ཡོད་མེད་ མ་བལྟ་བར་ཡོདཔ་ལས་ ད་ལྟོ་ ག་ནི་ཡང་ སླབ་མི་ཚུགས་ཟེར་ཨིན་པས།
གངས་རི་ཐང་སློབ་གྲྭ་ནང་ དུས་ཅི་ བློ་གསར་སློབ་རིམ་ནང་ སློབ་ཕྲུག་བསྡོམས་༣༢ བཙུགས་ཡོད་པའི་གནས་ཚུལ།

No comments:

Post a Comment