གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སག་སྟེང་གི་ སློབ་ཕྲུག་ཚུ་ གནག་དུང་ནང་ལས་ཐོན་ཡོདཔ།


གློག་མེ་ལྷོད་མི་ལུ་བརྟེན་ སློབ་ཕྲུག་ཚུ་ལུ་ ཕན་ཁྱད་སྦོམ་འབྱུང་ནི་ཨིན་པས།
གློག་མེའི་འགོ་འབྱེད་འབདཝ་ད་ ཁྲུས་གསོལ་གནང་པའི་བསྒང་།

བཀྲིས་སྒང་རྫོང་ཁག་ སག་སྟེང་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་རིམ་༨ པའི་སློབ་ཕྲུག་ ལས་སྐྱིད་ཚེ་རིང་དེ་ ཤུལ་ལས་ མི་སྦོམ་ཅིག་ལུ་ འགྱུར་ནི་གི་ རེ་བ་ཡོད་མི་ལུ་བརྟེན་ ཕྱི་རུའི་ཆུ་ཚོད་༦ ཚུན་མིན་པར་ དེ་བ་མངམ་སྦེ་ ལྷབ་ཚུགས་པ་ཅིན་ཟེར་ ཨ་རྟག་ར་ མནོ་བསམ་བཏང་སྡོད་ཡོདཔ་ཨིན་པས།

དེ་ཡང་ བྱང་ཕྱོགས་ངྲུང་ཁག་དེ་ནང་ གློག་མེ་མེད་མི་ལུ་བརྟེན་ ཕྱི་རུའི་ཆུ་ཚོད་༦ ལས་ དཔེ་ཆ་ལྷབ་ནི་མེདཔ་ཨིན་པས།
ཨིན་རུང་ སྤྱི་ཟླ་༣ པའི་ཚེས་༢༨ ལས་ སག་སྟེང་ལུ་ གློག་མེ་བཀྲམ་སྤེལ་འབད་ཚར་མི་དང་བསྟུན་ ལས་སྐྱིད་ཚེ་རིང་གིས་གཙོས་པའི་ སག་སྟེང་གི་ མི་སེར་མང་རབས་ཅིག་གི་ མནོ་དོན་ཚུ་ འགྲུབ་ཚུགས་ནི་ཨིན་པས།
ད་རིས་འབདཝ་ད་ ང་བཅས་ཀྱི་ཁྱིམ་ནང་ གློག་མེ་ལྷོད་ཡོདཔ་ལས་ ང་གིས་ དཔེ་ཆ་ག་དེམ་ཅིག་ཚུན་ཚོད་ལྷབ་རུང་ ལྷབ་ཚུགས་ནི་ཨིནམ་ལས་ སེམས་དགའ་ཡི་ཟེར་ ལས་སྐྱིད་ཚེ་རིང་གིས་ བཤདཔ་ཨིན་པས།
ད་རུང་ སློབ་གྲྭ་དེ་གི་ སློབ་རིམ་༧ པའི་སློབ་ཕྲུག་ བཀྲིས་མཚོ་མོ་གིས་ སླབ་མིའི་ནང་ གློག་མེ་མེད་པའི་སྐབས་ སློབ་ཕྲུག་ཚུ་ ཁྱིམ་ནང་ལཱ་འབད་དགོཔ་ ལེ་ཤ་ཐོན་པའི་ཁར་ རེ་ཚེ་སྐབས་ ཐབ་ཤིང་འཐུ་བར་ འགྱོ་དགོཔ་ལས་ དཔེ་ཆ་ལྷབ་ནི་གི་ དུས་ཚོད་རན་པའི་བསྒང་ལས་ ནམ་སྲོ་ནི་ཡོད་ཟེར་ཨིན་པས།
དེ་མ་ཚད་ ཁྱིམ་ནང་བཞེས་སྒོ་འབད་ནིའི་དོན་ལུ་ ཐབ་ཤིང་ཚུ་ ལག་ལེན་འཐབ་མི་ལས་ དུ་པ་ཚུ་ཐོན་ཏེ་ མིག་ཏོག་ཚ་བའི་ཁར་ མེ་རབ་རིབ་ཅིག་ལས་ བཏེགས་ནི་མེད་མིའི་ནང་ དཔེ་ཆ་ལྷབ་ད་ དཀའ་ངལ་སྦོམ་འབྱུང་ནི་ཡོད་ཟེར་ མོ་གིས་ བཤདཔ་ཨིན་པས།
སློབ་གྲྭའི་སློབ་དཔོན་ སེངྒེ་དབང་ཕྱུག་གིས་འབད་བ་ཅིན་ ད་རེས་ གློག་མེ་ལྷོད་མི་ལུ་བརྟེན་ སློབ་ཕྲུག་ཚུ་ལུ་ ཕན་ཐོགས་སྦོམ་འབྱུང་ནི་དང་ ཤེས་ཡོན་གྱི་ གྲུབ་འབྲས་ཡང་ ཡར་དྲག་འགྱོ་འོང་ཟེར་ཨིནམ་ད་ ད་ཚུན་གྱི་བར་ན་ སློབ་ཕྲུག་ཚུ་གིས་ མེ་བཏེག་ནིའི་དོན་ལུ་ ས་མར་ཁུ་ལག་ལེན་འཐབ་དགོཔ་ལས་ ཕམ་ཚུ་ ས་མར་ཁུ་ཉོ་བར་ ལཱ་ཁག་སྦེ་ བཀྲིས་སྒང་ཚུན་ འགྱོ་མ་དགོ་པའི་ ཕན་ཐབས་ཡང་ཡོད་ཟེར་ཨིན་པས།
ཟད་འགྲོ་དངུལ་ཀྲམ་ས་ཡ་༣༥ གནས་མི་ གྲོང་གསེབ་གློག་མེ་ལས་འགུལ་དེ་གིས་ སག་སྟེང་གི་ ཁྱིམ་གུང་༣༤༢ དེ་ཅིག་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་ད་ གློག་མེ་དེ་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་ཀྱིས་ འགོ་འབྱེད་གནང་ཡོད་པའི་གནས་ཚུལ།

No comments:

Post a Comment