གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྱང་ཕྱོགས་ས་མཚམས་ལུ་ ཙན་དན་ཤིང་ ནག་ཚོང་འཐབ་ནི་གི་ དཔའ་བཅམ་མི་༣ འཛིན་བཟུང་།


སྣུམ་འཁོར་པིག་ཨཔ་ནང་ ཕད་ཙེ་ནང་ བཙུག་འབག་མི་
ཙན་དན་ཤིང་གི་དུམ་ཚུ།

བསམ་གཏན་ཡེ་ཤེས།

འདས་པའི་ཟླཝ་༢ དེ་ཅིག་གི་ཧེ་མར་ རྒྱ་གར་ལས་ ཙན་དན་ཤིང་འབག་འོང་སྟེ་ ཧཱ་ལས་ བྱང་ཕྱོགས་ས་མཚམས་བརྒལ་ཏེ་ འབག་འགྱོ་ནི་གི་ དཔའ་བཅམ་མི་ ཕོ་སྐྱེས་༣ མིག་མཐོང་ལག་བཟུང་འབད་ཡོད་མི་ཚུ་ལུ་ ད་ལྟོ་ དྲི་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།

འཛིན་བཟུང་འབད་ཡོད་མི་ ཕོ་སྐྱེས་༣ ལས་༡ ཙན་དན་ཤིང་འབག་འོང་མི་དང་༢ སྣུམ་འཁོར་དེད་གཡོགཔ་ཨིནམ་ད་ ཁོང་༣  ཙན་དན་ཤིང་དྲ་དུམ་སྦེ་བཏོགས་མི་ ཀེ་ཇི་༢,༠༠༠ ལྷགཔ་ཅིག་ བཙུགས་ཡོད་པའི་ སྣུམ་འཁོར་པིག་ཨཔ་༢ དང་གཅིག་ཁར་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དེ་སྦེ་ འཛིན་བཟུང་འབད་ཚུགས་མི་དེ་ཡང་ ནགས་ཚལ་ལས་ཁུངས་ཀྱི་ ནགས་ཚལ་སྲུང་རྒྱབ་དང་ ལྟ་རྟོག་སྡེ་ཚན་ལུ་ བརྒྱུད་འཕྲིན་ཐོག་ལས་ དྲོ་པའི་ཆུ་ཚོད་༣ དེ་ཅིག་ཁར་ བརྡ་སླབ་མི་ཐོན་ཏེ་ དེ་འཕྲོ་ལས་ ས་གནས་ཁར་ སོང་ལྟཝ་ད་ སྣུམ་འཁོར་༢ ནང་ ཙན་དན་གྱི་ ཤིང་དུམ་ཚུ་ཡོད་མིའི་ སྦོ་ལོགས་ཁར་ རྟ་༢༠ ལྷགཔ་ཅིག་ ཁུར་ཆ་བཀལ་ཆོག་ཆོ་སྦེ་སྡོད་སར་ མཐོང་ཡོདཔ་ཨིན་པས།
ནགས་ཚལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁོང་ཆ་ཁྱབ་ དུས་ཚོད་ཁར་ མ་ལྷོད་པ་ཅིན་ ཙན་དན་ཤིང་ཚུ་ རྟ་གུ་བཀལ་ཏེ་ བྱང་ཕྱོགས་ཀྱི་ ས་མཚམས་བདའ་སྟེ་ འབག་འགྱོ་འགྱོཝ་འོང་ཟེར་ཨིན་པས།
ད་ཚུན་གྱི་བར་ན་ དོགས་ཅན་ཚུ་ལུ་ དྲི་ཞིབ་འབད་བའི་ ངག་བརྗོད་དང་འཁྲིལཝ་ད་ འབྲུག་མི་ཙན་དན་འབག་མི་དེ་ འབྲུག་ལས་ཡར་ བྱང་ཕྱོགས་ས་མཚམས་ཚུན་ སྐྱེལ་འདྲེན་འབད་མི་ བར་མི་བཟུམ་ཅིག་ཨིནམ་ལས་ ཁོང་གིས་ ཚོང་འབྲེལ་འཐབ་མེན་པས་ཟེར་ཨིན་པས།
དེ་འབདཝ་ད་ དེ་བཟུམ་མའི་ ནག་ཚོང་འཐབ་སར་ འབྲུག་མི་ཚུ་གིས་ བར་འཛུལ་ཐོག་ རྒྱལ་ཁབ་ཀྱི་ ས་ཆ་འདི་ ནག་ཚོང་གི་ རྒྱུན་འབྲེལ་འཐབ་སའི་ ས་ཁོངས་ཅིག་སྦེ་ བཟོ་ནི་མི་འོང་ཟེར་ ནགས་ཚལ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཀརྨ་འབྲུག་པ་གིས་ བཤདཔ་ཨིན་པས།
ད་རུང་ ན་ཧིང་སྤྱི་ཟླ་༩ པའི་ནང་ཡང་ སྤ་རོ་ལས་ སྐྱེས་ལོ་༣༠ ལང་མི་ ཕོ་སྐྱེས་༡ ཙན་དན་ཤིང་དུམ་༡༨ དང་གཅིག་ཁར་ འཛིན་བཟུང་འབད་ཡོདཔ་ད་ ཕོ་སྐྱེས་དེ་ བདུན་ཕྲག་ཧེ་མའི་ནང་ སྤ་རོ་རྫོང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།
ཕོ་སྐྱེས་དེ་གིས་ རྒྱ་གར་ལས་ ཙན་དན་ཤིང་ བཏོན་ཞིནམ་ལས་ སྣུམ་འཁོར་ནང་བཙུགས་ཏེ་ ལྟག་ལས་ཅ་ཆས་གཞན་བཀལ་སྦེ་  འབག་འོང་བའི་ཤུལ་ལུ་ ཧཱ་ལུ་ ཁོ་རའི་ཁྱིམ་གྱི་ སྦོ་ལོགས་ཁར་ ས་དོང་ནང་ བཙུགས་བཞག་ཐོག་ལས་ ཕྱི་རུ་ རྟ་གུ་བཀལ་ཏེ་ རྒྱ་ནག་ལུ་ འབགཔ་མས་ཟེར་ ནགས་ཚལ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment