གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོད་བསྲེ་ནང་འདྲེན་འབད་མི་ཚུ་ལུ་ཡང་ རུ་པིའི་དཀའ་ངལ་བྱུང་དོ་ཡོདཔ།


ཉི་མ་དབང་འདུས།

༉ ད་རེས་ནངས་པ་ རྒྱལ་ཁབ་ནང་ རྒྱ་གར་གྱི་ རུ་པི་ལངམ་སྦེ་ མ་ཐོབ་མི་ལུ་བརྟེན་ ལས་སྡེ་སྦོམ་ཚུ་ལུ་རྐྱངམ་གཅིག་མེན་པར་ རྒྱ་གར་ལས་ ཚོད་བསྲེ་ནང་འདྲེན་འབད་མི་ ཚོང་པ་ཚུ་ལུ་ཡང་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།

མ་གཞི་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཚོད་བསྲེ་ཚོང་པའི་ ཚོགས་པ་ཅིག་གིས་ ཞུ་བ་ཕུལ་མི་དང་འཁྲིལ་ བདུན་ཕྲག་རེ་ལུ་ རུ་པི་ས་ཡ་༡ ཕྱིར་སྤྲོད་འབད་ཡོད་རུང་ དེ་གིས་ ནང་འདྲེན་འབད་ནི་ལུ་ ལང་མི་ཚུགས་པས་ཟེར་ ཚོང་པ་ཚུ་གིས་ སླབ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཐིམ་ཕུ་ལུ་ ཚོད་བསྲེ་ནང་འདྲེན་འབད་མི་ འཐུས་མི་༡༤ འབད་བའི་ ཚོགས་པ་ཅིག་གིས་ འབྲུག་ཚོང་དང་ བཟོ་གྲྭ་ཚོགས་སྡེ་བརྒྱུད་དེ་ དངུལ་ཁང་ལྟེ་བ་ལུ་ དུས་ཡུན་ཟླ་ངོ་༢ ཀྱི་རིང་ བདུན་ཕྲག་རེ་ལུ་ རུ་པི་ས་ཡ་༡ རེ་ འཛིན་གྲོལ་འབད་དགོ་པའི་ ཞུ་བ་འབད་མི་དང་འཁྲིལ་ འདས་པའི་རེས་གཟའ་མིག་དམར་ལུ་ རུ་པི་འཛིན་གྲོལ་འབད་ཡོདཔ་ཨིན་པས།
དེ་འབདཝ་ད་ ཚོགས་པའི་འཐུས་མི་ཚུ་གི་བར་ན་ བགོ་བཤའ་རྐྱབ་པའི་སྐབས་ ཚོང་པ་རེ་ལུ་ རུ་པི་༧༡,༤༠༠ རེ་ལས་བརྒལ་ ཁྱབ་མ་ཚུགསཔ་ལས་ དེ་གིས་ མི་ལང་ནི་བཟུམ་ཅིག་འདུག་ཟེར་ ཚོགས་པའི་འཐུས་མི་ཅིག་གིས་ སླབ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ འགོ་དཔོན་ཅིག་གིས་ རུ་པི་ཚུ་ཡང་ བདུན་རིམ་བཞིན་དུ་སྦེ་ བགོ་བཀྲམ་འབད་ནི་ཨིན་ཟེར་ བཤདཔ་ཨིན་པས།
ཐིམ་ཕུའི་ཚོད་བསྲེ་ཁྲོམ་ཁར་ ཚོད་བསྲེ་ནང་འདྲེན་འབད་མི་ ཧཱ་ལས་ སངས་རྒྱས་ཀྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཚོད་བསྲེ་ནང་འདྲེན་འབད་མི་ཚུ་གིས་ རྒྱ་གར་གྱི་ ཚོང་པ་ཚུ་ལུ་ དངུལ་ཀྲམ་སྤྲོད་ཡོདཔ་ཨིན་རུང་ ད་རེས་ཀྱི་ རུ་པི་མ་ཐོབ་མི་ལུ་བརྟེན་ བུ་ལོན་ཐོག་ལུ་ ལེན་དོ་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཚོད་བསྲེ་ནང་འདྲེན་འབད་སའི་ རྒྱ་གར་གྱི་ས་གནས་ ཕ་ལ་ཀ་ཊ་ལུ་ ད་རེས་ནངས་པ་ དངུལ་ཀྲམ་ལེན་མི་བཏུབ་དོ་ཡོདཔ་ཨིན་རུང་ ཁོང་གིས་ བང་བཙོང་སྟེ་ར་ སྤྲོད་དོ་ཟེར་ཨིནམ་ད་ ཚོང་པ་ལ་ལུ་ཅིག་ལུ་ ད་ལྟོ་ གནས་སྐབས་ཀྱི་དོན་ལུ་ དངུལ་ཀྲམ་སྤྲོད་བཞག་སྟེ་ ཤུལ་ལས་ རུ་པི་སྤྲོད་ནི་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
པ་སངས་རྒྱས་ཀྱིས་ ཕ་ལ་ཀ་ཊའི་ ཚོང་པ་ཚུ་ལུ་ དངུལ་ཀྲམ་འབུམ་༣ རེ་སྤྲོད་ཐོག་ལས་ བདུན་རིམ་བཞིན་དུ་ ཚོད་བསྲེ་སྣུམ་འཁོར་ ཌི་སི་ཨེམ་ཁུར་ཆ་༢ རེ་ འབག་འོང་དོ་ཡོདཔ་མ་ཚད་ ཤིང་འབྲས་ནང་འདྲེན་འབད་མི་ཚུ་གིས་ བདུན་ཕྲག་རེ་ལུ་ དངུལ་ཀྲམ་འབུམ་༦ ལྷགཔ་རེ་སྤྲོད་དེ་ སི་ལི་གུ་རི་ལས་ བཏོན་དོ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment