གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཕྲལ་མགྱོགས་ར་ གཞུང་འབྲེལ་བཅའ་སྒྲིག་ལམ་སྟོན་དཔེ་དེབ་ཚུ་ རྫོང་ཁག་༢༠ ནང་ བཀྲམ་སྤེལ་འབད་ནི།


བཀྲིས་ཕུན་ཚོགས།

ད་ལས་ཕར་ གཞུང་འབྲེལ་བཅའ་སྒྲིག་ལམ་སྟོན་དཔེ་དེབ་ལུ་བརྟེན་ ཆེ་མཐོའི་འགོ་དཔོན་ཚུ་ རྫོང་ཁག་༢༠ ནང་ གཞུང་དོན་གཟིགས་སྐོར་དང་ སྐུ་མགྲོན་སྦེ་བྱོན་པའི་སྐབས་ བཅའ་སྒྲིག་ཚུ་རྐྱབ་ནིའི་དོན་ལུ་ ཧེ་མ་བཟུམ་སྦེ་ དཀའ་ངལ་མ་བྱུང་པར་ བྱ་སྟབས་བདེ་ནི་ཨིན་པས།

ནང་སྲིད་དང་སྲོལ་འཛིན་ལྷན་ཁག་འོག་གི་ སྒྲིག་ལམ་སྡེ་ཚན་ལས་ ཚེ་རིང་དཔལ་འབྱོར་གྱིས་ སླབ་མི་དང་འཁྲིལཝ་ད་ ད་རེས་ནངས་པ་ དུས་ཀྱི་འགྱུར་བ་དང་བསྟུན་ཏེ་ ཧེ་མའི་ བཅའ་ཡིག་དང་སྒྲིག་གཞི་ཚུ་ ལེགས་བཅོས་འབད་ཡི་ཟེར་ཨིནམ་ད་ རྫོང་ཁག་༢༠ ནང་ བཅའ་སྒྲིག་རྐྱབ་ཐངས་ཚུ་ གཅིག་མཚུངས་བཟོ་ནིའི་དོན་ལུ་ མཁས་མཆོག་ཚུ་དང་ ཉམས་མྱོང་ཅན་ཚུ་གིས་ གྲོས་བསྟུན་ཐོག་ བསྒྱུར་བཅོས་འབད་མི་དེ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ གྲོས་ཐག་བཅད་གནང་ཡི་ཟེར་ཨིན་པས།
གཞུང་འབྲེལ་བཅའ་སྒྲིག་གི་ དམིགས་ཡུལ་དེ་ཡང་ རྫོང་ཁག་སོ་སོའི་ གནས་སྟངས་དང་འཁྲིལ་ཏེ་ མཐུན་རྐྱེན་གཅིག་མཚུངས་མེད་པའི་ དཀའ་ངལ་བསལ་ནི་དང་ ཕྱི་ལས་བྱོན་མི་སྐུ་མགྲོན་དང་ རྫོང་ཁག་ནང་བཅའ་སྒྲིག་རྐྱབ་མི་༢ ཀྱི་བར་ན་ གོ་བ་བརྡ་ལོག་མ་འགྱོ་བར་ ཐུགས་མཐུན་ཁྲིམས་གཙང་ཐོག་ལུ་ གནས་ཚུགསཔ་བཟོ་ནི་ དེ་ལས་ རྫོང་ཁག་ནང་ ཐོབ་ཚད་ལས་ལྷག་པའི་ བཅའ་སྒྲིག་རྐྱབ་སྟེ་ མི་སྟོབས་དང་ མ་དངུལ་ཚུ་ འཕྲོ་བརླག་འགྱོ་བའི་དཀའ་ངལ་ཚུ་ བསལ་ཐབས་འབད་ནི་ཨིན་པས།
དེ་བཟུམ་སྦེ་ གཞུང་ལྷན་སྡེ་གསུམ་གྱི་ ཆེ་མཐོའི་འགོ་དཔོན་ཡོངས་ལུ་ ཆགས་སྡང་ཕྱོགས་རིས་མེད་པར་ གུས་ཞབས་དང་བརྩི་བཀུར་གཅིག་མཚུངས་ ཞུ་ཚུགས་ནི་དང་ སྐུ་མགྲོན་ཚུ་ལུ་ ཐོབ་ཚད་ལས་ལྷག་པའི་ བཅའ་སྒྲིག་དང་འབྲེལ་བའི་དཀའ་ངལ་ཚུ་ཡང་ བསལ་ཚུགས་ནི་ཨིན་པས།
ཕྱིའི་བཅའ་སྒྲིག་སྐབས་ རྫོང་ཁག་ཚུ་ནང་ རྒྱལ་ཡོངས་དུས་ཆེན་དང་ དགའ་སྟོན་རྟེན་འབྲེལ་གྱི་ མཛད་སྒོ་ཚུ་ནང་ མི་དབང་རྒྱལ་བཙུན་ རྒྱལ་ཡུམ་ བརྒྱུད་འཛིན་གྱི་རྒྱལ་སྲས་ དཔོན་སློབ་ སྐུ་འཁོར་ བློན་ཆེན་ཚུ་དང་ སློབ་དཔོན་ལྔ་པོའི་རིགས་ དེ་ལས་བློན་པོའི་གོ་གནས་ཅན་ཚུ་ གཞུང་ཞབས་ཀྱི་སྐུ་ཚབ་སྦེ་འབྱོནམ་ད་ བཅའ་སྒྲིག་རྐྱབ་དགོཔ་ཨིན་པས།
དེ་ཡང་ རྫོང་ཁག་ཚུ་ནང་ རྟེན་འབྲེལ་གྱི་བཅའ་སྒྲིག་དང་ ཕེབས་བསུ་དང་ཞབས་སྐྱེལ་གྱི་རིམ་པ་ བསུ་བ་གསེར་སྦྲེང་དང་ ཆིབས་གྲལ་གྱི་རིམ་པ་ བཞུགས་གྲལ་ཕུན་སུམ་ཚོགས་པའི་རིམ་པ་ བླམ་གནས་བརྟན་དང་ རྫོང་བདག་ དྲང་དཔོན་ཚུ་ གསར་བསྐོས་དང་ གནས་སོར་སྐབས་ ཕེབས་བསུའི་རིམ་པ་ རྒཔོ་དང་ དམངས་མི་གསར་བསྐོས་ཀྱི་རིམ་པ་ ས་བསླང་རྟེན་འབྲེལ་ དེ་ལས་ འབུལ་བའི་རྣམ་གཞག་ཚུ་ ཚུལ་མཐུན་སྦེ་ བཟོ་ཡོདཔ་ཨིན་པས།
ཆིབས་གྲལ་རྒྱས་པའི་རིམ་པ་དེ་ གཞུང་འབྲེལ་བཅའ་སྒྲིག་དང་འཁྲིལཝ་ད་ རྒྱལ་ཡོངས་ཀྱི་ རྟེན་འབྲེལ་བརྩི་སྲུང་ཞུ་བའི་སྐབས་ ཆིབས་གྲལ་བསྒྲིག་ཐང་གི་ རིམ་པ་དེ་ཡང་ དང་པ་ར་ རྟ་དཀརཔོ་ བང་རྔ་རྡུང་མི་ ཀྲིང་ཀྲིང་རྡུང་མི་ བོད་ཀྱི་རྒྱ་གླིང་ ཕྱོགས་དར་ བཙན་དར་ རུ་དར་ ལྷ་དར་རེ་རེ་དང་ དར་ཤིང་སྣ་ལྔ་ སྐུ་སྲུང་དམག་དར་ བསྟན་སྲུང་འགག་པའི་དར་དང་ རྒྱལ་དར་རེ་རེ་ དགྲ་ཆས་༡༡ གཞས་༡༡ དཔའ་འཆམ་ ཕོ་གཞས་ མོ་གཞས་ ཆོས་གཞས་༩ རྒྱང་རྔ་རྡུང་མི་ མཆོད་པའི་རྒྱ་གླིང་ ཕྱེ་ཕུར་རྒྱལ་མཚན་ཆ་རེ་ དགོཔ་ཨིན་པས།
དེ་བཞིན་དུ་ ཏིང་ཤག་༣ འཕན་གཡུག་མི་༣ ཚོགས་དུང་ཆ་དང་ དཀར་དུང་ཆ་རེ་རེ་ གསེར་རྔ་ཆ་༣ སིལ་སྙན་ རོལ་མོ་སྤོ་སང་ གསེར་རྔ་ཆ་རེ་རེ་དང་ རིག་མ་བཅུ་དྲུག་གི་ འཆམ་རོལ་པ་༡ དང་ འཆམ་པ་ཚུ་ འགོ་དཔོན་དང་དཔོན་ཁག་གི་རིགས་ མཆོད་པའི་རྒྱ་གླིང་ བསང་ཕོར་ སྤོས་ཕོར་རེ་རེ་དང་ རྟེན་ཁེབས་འབག་མི་ མནྜལ་ སྐུ་གསུང་ཐུགས་རྟེན་ རྫོང་རྔ་ ཆབ་ཤུབས་ ཁྲི་ཁེབས་ ཕྱག་བསིལ་ཕང་ཁེབས་ ཇ་དོམ་ སྦ་ཁྲ་ པྱི་ཏ་ལ་ སྐུ་དྲུང་རྟགས་རྐྱབ་མི་ བྱིས་པའི་དཔའ་བོ་ཚུ་ དགོཔ་ཨིན་པས།
དེའི་རྟིང་ཤུལ་ གཟིམ་དཔོན་ སྐུ་མགྲོན་གཙོ་བོ་ ཕད་ཅུང་ ན་བཟའ་འབག་མི་༤ སྐུ་སྲུང་ སྲུང་འཁོརཔ་ དེ་ལས་ བླ་སློབ་ཚུ་དགོཔ་ཨིན་པས།
འབྲུག་རྒྱལ་ཡོངས་ཀྱི་ ལམ་སྲོལ་དེ་ རྒྱལ་ཁབ་ཀྱི་རྩ་བ་༣ ལུ་ ངོ་རྟགས་ཐུན་མོང་མ་ཡིན་པ་ཅིག་ཨིནམ་ལས་ གཞུང་ལྷན་སྡེ་༣ གྱིས་གཙོས་པའི་ འབྲུག་མི་ཡོངས་ཀྱིས་ གཅིག་མཐུན་ཐོག་ལས་ ལག་ལེན་འཐབ་དགོཔ་བཞིན་དུ་ ཕྱི་ལས་བྱོན་མི་སྐུ་མགྲོན་དང་ ནང་ན་བཞུགས་མི་རྫོང་ཁག་གི་ གནསཔོ་ཚུ་གི་བར་ན་ ཐ་དམ་ཚིག་ལུ་ བསྲེ་ལྷད་མ་ཞུགས་པར་ རྟགས་དང་རྟེན་འབྲེལ་ཕུན་སུམ་འཚོག་ནིའི་དོན་ལུ་ གཞུང་འབྲེལ་བཅའ་སྒྲིག་བཟོ་ཡོད་མི་དེ་ འཕྲལ་མགྱོགས་ར་ རྫོང་ཁག་༢༠ ནང་ བཀྲམ་སྤེལ་འབད་ནི་ ཨིན་པའི་གནས་ཚུལ།

No comments:

Post a Comment