གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དངུལ་ལོར་རྫུས་མ་ཚུ་ ཚོང་ཁང་བརྒྱུད་དེ་ དངུལ་ཁང་ནང་ཚུན་ལྷོད་ཡོདཔ།


འཕྱོག་བཟུང་འབད་ཡོད་མི་ སྟོང་ལོར་རྫུས་མ་ཚུ།
ཡེ་ཤེས་སྒྲོལ་མ།

རྩི་རང་ཁྲིམས་སྲུང་འགག་པ་གིས་ སླབ་མི་དང་འཁྲིལཝ་ད་ རྒྱ་གར་གྱི་ཁྲོམ་སྡེ་ ཇའི་སྒང་ལས་ དངུལ་ལོར་རྫུས་མ་ཚུ་ རྒྱལ་ཁབ་ནང་ འབག་འོང་སྟེ་ ཉིན་གྲངས་༡༠ དེ་ཅིག་ལང་ཡོདཔ་མ་ཚད་ ཕོ་སྤུན་༢ ཀྱིས་ དངུལ་ཀྲམ་རྫུས་མ་ཚུ་ བརྗེ་སོར་འབད་ནིའི་དོན་ལུ་ ཆང་བི་ཡར་དམ་སྦྱིས་རེ་ཡང་ ཉོ་ནུག་ཟེར་ཨིན་པས།

དངུལ་ལོར་རྫུས་མ་ མང་ཤོས་ར་ བཟའ་འཐུང་བཙོང་མི་ ཚོང་ཁང་ཚུ་ནང་ སྤྲོད་ཡོད་མི་ལུ་བརྟེན་ དངུལ་ལོར་ཚུ་ ས་སྣུམ་བླུགས་ས་དང་ དར་དཀར་ནང་གི་ དངུལ་ཁང་ནང་ཡང་ ལྷོད་ཡོདཔ་མ་ཚད་ ཕོ་སྤུན་༢ ཀྱིས་ ན་ཧིང་ གནམ་དགུན་གྱི་སྐབས་ ཚལ་ལུ་ཚོང་འབྲེལ་འཐབ་པའི་སྐབས་ལུ་ཡང་ དངུལ་ལོར་རྫུས་མ་ཚུ་ ལག་ལེན་འཐབ་ནུག་ཟེར་ ཁྲིམས་སྲུང་འགག་པ་ཚུ་གིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ དངུལ་ལོར་རྫུས་མ་ཚུ་ ལོག་བསྡུ་ནིའི་དོན་ལུ་ འཚོལ་བར་འགྱོ་བའི་སྐབས་ འབྲུག་རྗེས་སྒང་གི་ ཚོང་དཔོན་༢ ལས་ དངུལ་ཀྲམ་༣,༠༠༠ འབད་མི་ དངུལ་ལོར་རྫུས་མ་ཚུ་ ལོག་ཐོབ་ཡོདཔ་མ་ཚད་ སཱུན་ཀོཤ་ཁྲོམ་ཁ་ལས་ཡང་ དངུལ་ཀྲམ་བསྡོམས་༢,༠༠༠ འབད་མི་ དངུལ་ལོར་རྫུས་མ་ཚུ་ ཐོབ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཕོ་སྤུན་༢ ལུ་ དྲི་དཔྱད་འབད་བའི་སྐབས་ དར་དཀར་ནང་གི་ ཚོང་ཁང་ཅིག་ནང་ཡང་ དངུལ་ལོར་རྫུས་མ་སྤྲོད་ཡོདཔ་སྦེ་ སླབ་པའི་ཤུལ་ལུ་ ཚོང་ཁང་དེ་ནང་ ལེན་པར་འགྱོ་བའི་བསྒང་ལས་ ཚོང་པ་དེ་གིས་ དངུལ་ཁང་ནང་ བཙུགས་ཚར་ནུག་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ ཁྲིམས་འདུན་ལས་ འཚོལ་ཞིབ་བཀའ་རྒྱ་མ་ཐོབ་པར་ཡོདཔ་ལས་ ཁོང་༢ ཀྱི་ཁྱིམ་ནང་ རྩད་འཚོལགྱི་ ལཱ་ག་ཅི་ཡང་ འབད་མ་ཚུགས་ཟེར་ ཁྲིམས་སྲུང་འགག་པ་ཚུ་གིས་ བཤདཔ་ཨིན་པས།
སྐྱེས་ལོ་༢༢ དང་༢༨ ལང་མི་ ཕོ་སྤུན་གཉིསཔོ་དེ་ སྤྱི་ཟླ་༣ པའི་ཚེས་༡༨ ལུ་ དངུལ་ལོར་རྫུས་མ་ཚུ་ ལག་ལེན་འཐབ་སྟེ་ ལྕང་ལྕེ་ཁྲོམ་ཁ་ལས་ དངུལ་ཀྲམ་༣,༠༠༠ གྱི་ ཉོ་ཚོང་རྐྱབ་པའི་ཤུལ་ལུ་ ཚོང་པ་ཚུ་གིས་ སྙན་ཞུ་འབད་མི་དང་འཁྲིལ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དངུལ་ལོར་རྫུས་མ་ ནང་འདྲེན་འབད་མི་ གཙོ་ཅན་ སྐྱེས་ལོ་༢༢ འབད་མི་ ཕོ་སྐྱེས་དེ་གིས་ ཇའི་སྒང་ལུ་ དངུལ་ཀྲམ་ངོ་མ་༡༩,༠༠༠ སྤྲོད་དེ་ དངུལ་ལོར་རྫུས་མ་༣༨,༠༠༠ ལེན་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ མཇུག་ར་ དར་དཀར་ནང་གི་ ཚོང་པ་ཅིག་ལས་ ཚོང་ཚུ་ཉོ་བའི་བའི་སྐབས་ ཁོང་༢ ཀྱིས་ ལྔ་བརྒྱ་ལོར་དང་ སྟོང་ལོར་ཚུ་ སྤྲོད་ཡོདཔ་ད་ ཚོང་ཁང་དེ་ནང་ དངུལ་ལོར་དབྱེ་ཞིབ་འབད་ནིའི་ འཕྲུལ་ཆས་ཡོད་རུང་ དེ་བསྒང་ ཚོང་ཁང་གི་ ཇོ་བདག་ཁོ་ར་མེན་པར་ ཁོ་རའི་ཚོང་བཙོང་མི་དེ་ སྡོད་མི་ལུ་བརྟེན་ དབྱེ་ཞིབ་འབད་མ་ཚུགསཔ་ཨིན་པས།
ཨིན་རུང་ ཕོ་སྐྱེས་༢ རྒྱབ་ཐལ་བའི་ཤུལ་ལུ་ ཚོང་པ་དེ་ལྷོད་དེ་ འཕྲུལ་ཆས་ལག་ལེན་ཐོག་ དབྱེ་ཞིབ་འབད་བའི་བསྒང་ལས་ དངུལ་ལོར་ཚུ་ རྫུས་མ་ཨིནམ་ཤེས་པའི་ཤུལ་ལུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment