གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དངུལ་ལོར་རྫུས་མ་མང་ཤོས་ར་ ཕུན་ཚོགས་གླིང་ལུ་ ལག་ལེན་འཐབ་ཡོདཔ།


སྤེན་པ་ ཟླཝ་༣ པའི་༢༣།  དངུལ་ལོར་རྫུས་མ་འབག་མི་ལུ་བརྟེན་ འཛིན་བཟུང་འབད་མི་ དར་དཀར་ནང་ལས་ སྐྱེས་ལོ་༢༢ ལང་མི་ ཕོ་སྐྱེས་དེ་གིས་ དངུལ་ལོར་རྫུས་མ་༥༠,༠༠༠ དེ་ཅིག་ ན་ཧིང་ ཕུན་ཚོགས་གླིང་ལུ་ བཀའ་མའི་དབང་གནང་པའ་ིསྐབས་ ལག་ལེན་འཐབ་ཡོད་པའི་ རྫུན་ཁ་བཟེད་ཡོདཔ་ཨིན་པས།


དེ་ཡང་ ཁྲིམས་སྲུང་འགག་པ་གིས་ འདས་པའི་ཉིནམ་༥ གི་རིང་ དར་དཀར་ནང་དང་ དར་དཀར་དཔལ་ལ་ སཱུན་ཀོཤ་ འབྲུག་རྗེས་སྒང་ དེ་ལས་ རྩི་རང་གི་ ཚོང་ཁང་ཚུ་ནང་ལས་ཕར་ འཚོལ་ཞིབ་འབད་དེ་ དངུལ་ལོར་རྫུས་མ་༢༢,༠༠༠ ཐོབ་པའི་ཤུལ་ལུ་ ཕོ་སྐྱེས་དེ་གིས་ དངུལ་ལོར་རྫུས་མ་ཚུ་ ཕུན་ཚོགས་གླིང་ལུ་ཡང་ ལག་ལེན་འཐབ་ཅི་ཟེར་ སླབ་ཡོདཔ་ཨིན་པས།
དངུལ་ལོར་རྫུས་མ་ལག་ལེན་འཐབ་མིའི་སྐོར་ལས་ ཉོགས་བཤད་བཀོད་མི་དང་འཁྲིལ་ སྤྱི་ཟླ་༣ པའི་ཚེས་༡༨ ལུ ཕོ་སྐྱེས་དེ་བརྩིས་ཏེ་ ཕོ་སྤུན་༢ འཛིན་བཟུང་འབད་བའི་ཤུལ་ལུ་ ཁོང་གིས་ ཕུན་ཚོགས་གླིང་གི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལས་ དངུལ་ཀྲམ་༡༩,༠༠༠ སྤྲོད་དེ་ དངུལ་ལོར་རྫུས་མ་༣༨,༠༠༠ བཟོ་འབག་འོང་ཡོདཔ་སྦེ་ སླབ་ཡོདཔ་ཨིན་རུང་ ད་རེས་ ཁྲིམས་སྲུང་འགག་པ་གིས་ འཚོལ་ཞིབ་འབད་དེ་ ཐོབ་ཡོད་མི་ དངུལ་ལོར་རྫུས་མ་ཚུ་ གྱངས་ཁ་རྐྱབ་བལྟཝ་ད་ ཁོང་གིས་སླབ་མི་དང་ རྟགས་མ་མཐུནམ་ལས་ ཤོབ་རྐྱབ་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཤོབ་ཨིནམ་ཤེས་ཞིནམ་ལས་ དྲི་བཀོད་ནན་བསྐྱར་འབད་བའི་ཤུལ་ལུ་ ཕོ་སྤུན་༢ ཀྱིས་ དངུལ་ལོར་རྫུས་མ་༥༠,༠༠༠ ལྷགཔ་ཅིག་ འབག་འོང་སྟེ་ མང་ཤོས་ར་ ཕུན་ཚོགས་གླིང་ལུ་ ལག་ལེན་འཐབ་ཅི་ཟེར་ ཁ་བཟེད་ཡོདཔ་ཨིན་པས།
དོགས་པ་ཅན་གྱི་ཕོ་རྒནམ་ སྐྱེས་ལོ་༢༨ ལང་མི་དེ་ དངུལ་ལོར་རྫུས་མ་བཟོ་མིའི་ནང་ འབྲེལ་བ་མེདཔ་ཨིན་རུང་ ཁོ་གིས་ སྤྱི་ཟླ་༣ པའི་ཚེས་༡༨ ལུ་ སཱུན་ཀོཤ་ལུ་ ཟ་ཁང་ཅིག་ནང་ ལྟོ་བཟའ་ཚར་བའི་ཤུལ་ལུ་ ནུ་གཅུང་དེ་གིས་ ཁོ་ལུ་ སྟོང་ལོར་རྫུས་མ་༡ བཏོན་ཏེ་ སྤྲོད་བཅུགཔ་ད་རྐྱངམ་གཅིག་ཤེས་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཕོ་རྒནམ་དེ་ དངུལ་ལོར་རྫུས་བཟོའི་ནང་ འབྲེལ་བ་མེད་རུང་ ནུ་གཅུང་དང་ མཉམ་འབྲེལ་འབད་དེ་ ཤེས་རུང་སྙན་ཞུ་མ་འབད་མི་ལུ་བརྟེན་ ཁོ་ལུ་ ཉེས་ལས་ཀྱི་ ཆ་རོགས་འབད་ཡོད་པའི་ ཉེས་འཛུགས་འབད་འོང་ཟེར་ཨིན་པས།
དོགས་ཅན་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ ཁོ་གིས་ དངུལ་ལོར་རྫུས་མ་དེ་ ཆེད་དུ་དམིགས་ཏེ་ བཟོ་བཟོཝ་མེན་པར་ ཁོ་ར་ ཇའི་སྒང་ལུ་ སྣུམ་འཁོར་བཅོ་བར་ སོང་བའི་སྐབས་ རྒྱ་གར་གྱི་ མི་ཅིག་གིས་ ཁོ་སྡོད་སར་འོང་སྟེ་ དངུལ་ཀྲམ་༢༠,༠༠༠ བྱིན་པ་ཅིན་ ཁོ་ལུ་ ལོག་ལྟབ་སྦེ་ དངུལ་ཀྲམ་༤༠,༠༠༠ བྱིན་འོང་ཟེར་ སླབ་མི་ལུ་བརྟེན་ ཁོ་གིས་ དངུལ་ཀྲམ་༢༥,༠༠༠ བྱིན་ཡོདཔ་བཞིན་དུ་ མི་དེ་གིས་ ཁོ་ལུ་ དངུལ་ཀྲམ་༥༠,༠༠༠ བྱིན་ཡི་ཟེར་ཨིན་པས།
ཁོ་གིས་ དངུལ་ཀྲམ་ལེན་ཏེ་ གྱངས་ཁ་རྐྱབ་པའི་བར་ན་ དངུལ་ལོར་ཚུ་ རྫུས་མ་ཨིནམ་ཤེས་པའི་བསྒང་ལས་ རྒྱ་གར་གྱི་ མི་ངོ་དེ་ གར་སོང་མེད་པར་ བྱང་ད་ཡི་ཟེར་ཨིནམ་ད་ དེ་འབདཝ་ལས་ དངུལ་ལོར་རྫུས་མ་ཚུ་ བྱ་ཐབས་མེད་པར་ ལག་ལེན་འཐབ་དགོཔ་བྱུང་ཡི་ཟེར་ ཁོ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་ཡོདཔ་ཨིན་པས།
ཁོ་གིས་ དངུལ་ལོར་རྫུས་མ་ཚུ་ འབག་འོང་སྟེ་ ཕུན་ཚོགས་གླིང་ལས་ ཉོ་ཚོང་རྐྱབ་པའི་སྐབས་ ཚོང་པ་ཚུ་གིས་ ཉོགས་བཤད་ག་ནི་ཡང་མེད་པར་ ལེན་ཡོདཔ་ལས་ འཕྲོ་མཐུད་དེ་ར་ ལག་ལེན་འཐབ་ཡོདཔ་ད་ དེ་ལས་ དར་དཀར་ནང་ལྕང་ལྕེ་ཁྲོམ་ཁར་ བི་བི་ཁ་རེལ་གྱི་ ཚོང་ཁང་ནང་ལས་ དངུལ་ཀྲམ་༣༠༠༠ གི་ ཅ་ཆས་ཚུ་ ཉོ་བའི་ཤུལ་ལུ་ ཁོ་གིས་སྤྲོད་མི་ སྟོང་ལོར་དེ་ རྫུས་མ་ཨིནམ་ཤེས་ཏེ་ བི་བི་ཁ་རེལ་གྱིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ སྐྱེས་ལོ་༣༠ ལང་མི་ ཚོང་པ་དེ་ལུ་ དངུལ་ལོར་༥༠༠ དང་༡༠༠ འབད་མི་རྫུས་མ་བརྟག་དཔྱད་ཀྱི་ འཕྲུལ་ཆས་ཆུང་ཀུ་ཅིག་ཡོད་མི་དེ་ནང་ བརྟག་དཔྱད་འབད་བའི་སྐབས་ རྫུས་མ་ཨིནམ་ཤེས་ཏེ་ སྙན་ཞུ་འབད་ནུག་ཟེར་ཨིན་པས།
ད་ཚུན་གྱི་བར་ན་ དར་དཀར་ནང་ལུ་ ལག་ལེན་འཐབ་ཡོད་པའི་ དངུལ་ལོར་རྫུས་མ་༩,༠༠༠ དེ་ཅིག་ མ་ཐོབ་པར་ཡོདཔ་ད་ དངུལ་ལོར་རྫུས་མ་ཚུ་ ཚོང་པ་ཚུ་གིས་ སྦུང་ཚོང་འཐབ་མི་ཚུ་དང་ ས་སྣུམ་བཀྲམ་སྤེལ་ཁང་ཚུ་ནང་ ལག་ལེན་འཐབ་ཡོདཔ་མ་ཚད་ ལ་ལུ་ འབྲུག་གོང་འཕེལ་དངུལ་ཁང་ནང་ གསོག་འཇོག་གི་དོན་ལུ་ བཙུགས་བཞག་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཕུན་ཚོགས་གླིང་ལུ་ ལག་ལེན་འཐབ་ཡོད་མི་ དངུལ་ལོར་རྫུས་མ་ཚུ་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ག་ཏེ་ལུ་ཡང་ ཁྱབ་སྤེལ་འགྱོ་ནི་གི་ ཉེན་ཁ་ཡོད་ཟེར་ཨིནམ་ད་ ད་ལྟོ་ཚུན་ཚོད་ དངུལ་ལོར་རྫུས་མ་བསྡོམས་༢༢,༠༠༠ ཐོབ་ཡོད་མི་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ རྩིས་སྤྲོད་ཡོད་པའི་གནས་ཚུལ།

No comments:

Post a Comment