གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁག་འབགཔ་སློབ་དཔོན་ཚུ་ལུ་ གནས་ཡུན་ཐེབས་ལོ་༡ བྱིན་ཡོདཔ།


ཁག་འབགཔ་སློབ་དཔོན་ཚུ་གིས་ ད་རུང་ གནས་ཡུན་ལོ་༡ ཕྱག་ཞུ་ནིའི་དོན་ལུ་
རང་སོའི་ཡིག་ཆ་ཚུ་ དུས་མཐུན་བཟོ་བའི་བསྒང་།
ཤེས་རབ་བསྟན་འཛིན།

སྤེན་པ་ ཟླཝ་༣ པའི་༢༣། ༉ ཁག་འབགཔ་སློབ་དཔོན་༨༤ གིས་ སློབ་གྲྭ་ཁག་སོ་སོའི་ནང་ ད་རུང་ སློབ་དཔོན་སྦེ་ ལོ་༡ ཕྱག་ཞུ་ནིའི་དོན་ལུ་ ཁ་ཙ་ ཐིམ་ཕུ་ན་གཞོན་དང་ རྩེད་རིགས་ལས་ཁུངས་ནང་སྦེ་ ཁ་རྗེའི་ཤོག་སྒྲིལ་འཐུ་ཐོག་ལས་ སློབ་གྲྭ་གདམ་ཁ་རྐྱབ་ཅི།
ཁོང་གིས་ ཁག་འབགཔ་སློབ་དཔོན་སྦེ་ སྤྱི་ལོ་༢༠༠༩ ལུ་འཛུལ་ཏེ་ ལོ་ངོ་༣ གྱི་རིང་ ཕྱག་ཞུ་བའི་ གནས་ཡུན་དེ་ ན་ཧིང་རྫོགས་ཡོདཔ་ཨིན་རུང་ ཁོང་གིས་ འགོ་ཐོག་འཛུལ་བའི་སྐབས་ ལོ་ངོ་༤ ཕྱག་ཞུ་ནི་སྦེ་ ཞུ་བ་ཕུལ་མི་ལུ་ ཤེས་རིག་ལྷན་ཁག་གིས་ ངོས་ལེན་འབད་དེ་ གནས་ཡུན་ཐེབས་ལོ་༡ བྱིན་ཡོདཔ་ཨིན་པས།

ཁག་འབགཔ་སློབ་དཔོན་ཚུ་ སློབ་དཔོན་མ་ལང་པའི་ དཀའ་ངལ་བསལ་ཐབས་ལུ་དམིགས་ཏེ་ སློབ་དཔོན་སློབ་སྦྱོང་སྤེལ་ཁང་ནང་ འགྱོ་མ་དགོ་པར་ མཐོ་རིམ་ཤེས་ཚད་མཐར་འཁྱོལཝ་ཅིག་ སློབ་གྲྭ་ཁག་ཚུ་ནང་ བཏང་ཡོདཔ་ཨིན་པས།
ཤེས་རིག་ལྷན་ཁག་གི་ མི་སྟོབས་གཙོ་འཛིན་ བསོད་ནམས་དབང་རྒྱལ་གྱིས་ སླབ་མིའི་ནང་ སྡེ་ཚན་དེ་གིས་ ལོ་༡ སློབ་སྟོན་འབད་བའི་ཤུལ་ལུ་ སང་ཕོད་ལས་ གཙུག་ལག་གོང་མའི་ ཤེས་ཚད་ལག་ཁྱེར་གྱི་དོན་ལུ་ གདམ་འཐུའི་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་ཡང་ བྱིན་ནི་ཨིནམ་ད་གདམ་འཐུ་གྲུབ་པ་ཅིན་ སློབ་དཔོན་སློབ་སྦྱོང་སྤེལ་ཁང་ནང་ ལོ་༡ སློབ་སྦྱོང་འབད་དགོ་ཟེར་ཨིན་པས།
ཨིན་རུང་ སློབ་དཔོན་སློབ་སྦྱོང་གི་དོན་ལུ་ ཆོས་རྒྱུགས་རྐྱབ་དགོཔ་མ་ཚད་ ཁག་འབགཔ་སྦེ་ སློབ་སྟོན་འབད་བའི་ གྲུབ་འབྲས་དང་ ལྕོགས་གྲུབ་ཚུ་ཡང་ བལྟ་ནི་ཨིནམ་ད་ བཙག་འཐུ་མ་གྲུབ་པ་ཅིན་  ཤུལ་མའི་བཙག་འཐུ་ནང་ བཅའ་མར་གཏོགས་བཅུག་ནི་ཨིན་པས།
སྤྱི་ལོ་༢༠༠༩ ལུ་ ཁག་འབགཔ་སློབ་དཔོན་སྦེ་ འཛུལ་མི་བསྡོམས་༡༣༣ ལས་ དགོངས་ཞུ་འབད་མི་དང་ ལ་ལུ་ཅིག་ ལྷན་ཁག་དང་ལས་སྡེ་ ལས་ཁུངས་ཚུ་ནང་ ལཱ་འབད་ནི་གི་ གོ་སྐབས་ཐོབ་མི་ལུ་བརྟེན་ ད་རེས་ཁོང་༨༤ ལས་བརྒལ་མེདཔ་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ འགོ་ཐོག་ཁག་འབགཔ་སློབ་དཔོན་གྱི་ ལམ་ལུགས་འགོ་བཙུགས་པའི་སྐབས་ བཅའ་མར་གཏོགས་མིའི་གྲས་ལས་༡༢༣ གྱིས་ གཙུག་ལག་གོང་མའི་ ཤེས་ཡོན་སྦྱང་ནི་གི་ གོ་སྐབས་ཐོབ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment