གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་སྲུང་འགག་པ་གིས་ དངུལ་ལོར་རྫུས་མ་༦༤,༠༠༠ ཐོབ་ཡོདཔ།


ཁ་ཙ་ རྩི་རང་གི་ ཁྲིམས་སྲུང་འགག་པ་གིས་ དར་དཀར་ནང་སཱུན་ཀོཤ་ལས་ ད་རུང་ དངུལ་ལོར་རྫུས་མ་༦༤,༠༠༠ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
དེ་ཡང་ དངུལ་ལོར་རྫུས་མ་ཚུ་ ལག་ལེན་འཐབ་མི་ལུ་བརྟེན་ སྤྱི་ཟླ་༣ པའི་ཚེས་༡༨ ལུ་ འཛིན་བཟུང་འབད་མི་ དར་དཀར་ནང་ལས་ སྐྱེས་ལོ་༢༢ དང་༢༨ ལང་མི་ ཕོ་སྤུན་༢ ཀྱིས་ སཱུན་ཀོཤ་ལུ་ བཀོག་བཏང་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།

ཉེས་ལས་ཀྱི་གྱོས་དཔོན་ སྐྱེས་ལོ་༢༢ ལང་མི་ ནུ་གཅུང་དེ་གིས་ འཕྱོག་བཟུང་འབད་མི་ དངུལ་ལོར་རྫུས་མ་ཚུ་ ཁོང་གི་ཨིནམ་སྦེ་ ཁ་བཟེད་ཡོད་རུང་ ད་ཚུན་གྱི་བར་ན་ ཁོ་གིས་ དངུལ་ལོར་རྫུས་མ་ག་དེམ་ཅིག་ བགོ་བཀྲམ་འབད་ཡོདཔ་ཨིན་ན་ ཏན་ཏན་སྦེ་ སླབ་མ་ཚུགསཔ་ཨིན་པས།
ཁོ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ མདངས་ཞག་གནམ་དགུན་ལུ་ ཕུན་ཚོགས་གླིང་ལུ་ བཀའ་མའི་དབང་ལུང་གནང་པའི་སྐབས་ དངུལ་ལོར་རྫུས་མ་༥༠,༠༠༠ དེ་ཅིག་ ལག་ལེན་འཐབ་ཅི་ཟེར་ཨིན་པས།
ཕོ་སྤུན་༢ དར་དཀར་ནང་ བཀྲིས་ལྡིང་རྒེད་འོག་ གཤམ་རྡོ་ལེགས་གཡུས་ཚན་ལས་ཨིནམ་ད་ ཁོང་གིས་ རྩི་རང་ལྕང་ལྕེ་ཁྲོམ་ལས་ ཚོང་ཁང་ཅིག་ནང་ལས་ དངུལ་ཀྲམ་༣,༠༠༠ དེ་ཅིག་གི་ ཚོང་ཆས་ཉོ་བའི་ཤུལ་ལུ་ ཚོང་པ་དེ་གིས་ སྙན་ཞུ་འབད་མི་དང་འཁྲིལ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ཁྲིམས་སྲུང་འགག་པ་གིས་ དར་དཀར་ནང་དང་ དར་དཀར་དཔར་ལ་ སཱུན་ཀོཤ་ འབྲུག་རྗེས་སྒང་ རྩི་རང་ཁྲོམ་ཚུ་ལས་ དངུལ་ལོར་རྫུས་མ་༢༢,༠༠༠ འཕྱོག་བཟུང་འབད་ཡོདཔ་ད་ དངུལ་ལོར་རྫུས་མ་ འབག་འོང་མི་ གྱོས་དཔོན་དེ་གིས་ ཕུན་ཚོགས་གླིང་གི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ དངུལ་ཀྲམ་༡༩,༠༠༠ སྤྲོད་དེ་ དངུལ་ལོར་རྫུས་མ་༣༨,༠༠༠ ལེན་ཡོདཔ་སྦེ་ཁ་བཟེད་ཡོདཔ་ཨིན་པས།
སྐྱེས་ལོ་༢༨ ལང་མི་ ཕོ་རྒནམ་དེ་ དངུལ་ལོར་རྫུས་མ་བཟོ་མིའི་ནང་ འབྲེལ་གཏོགས་མེདཔ་མ་ཚད་ རྫུས་མ་ལག་ལེན་འཐབ་པའི་སྐོར་ སྤྱི་ཟླ་༣ པའི་ཚེས་༡༨ ལུ་ སཱུན་ཀོཤ་ལུ་ མ་ལྷོད་ཚུན་ཚོད་ ཧ་མ་གོ་བས་ཟེར་ཨིནམ་ད་ དེ་བསྒང་ ཁོ་གི་ནུ་གཅུང་གིས་  ཟ་ཁང་ཅིག་ནང་ ཉིན་ལྟོ་བཟའ་མའི་རིན་སྤྲོད་ནིའི་དོན་ལས་ ཁོ་ལུ་ སྟོང་ལོར་རྫུས་མ་༡ སྤྲོད་པའི་སྐབས་རྐྱངམ་གཅིག་ ཧ་གོ་ཡོདཔ་ཨིན་པས།
ཨིན་རུང་ ཕོ་རྒནམ་ལུ་ ཉེས་ལས་ནང་ ཆ་རོགས་འབད་བའི་ ཉེས་འཛུགས་འབད་འོང་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ དངུལ་ལོར་རྫུས་མ་༩,༠༠༠ དེ་ཅིག་ ཐོབ་མ་ཚུགས་པར་ཡོད་མི་དེ་ཡང་ ཚོང་པ་ཚུ་གིས་ སྦུང་ཚོང་རྐྱབ་མི་དང་ ས་སྣུམ་བཀྲམ་སྤེར་ཁང་ཚུ་ནང་ སྤྲོད་ཚར་ཡོདཔ་མ་ཚད་ ལ་ལུ་ དར་དཀལ་ནང་ལུ་ འབྲུག་གོང་འཕེལ་དངུལ་ཁང་ནང་ བཙུགས་ནི་དེ་གིས་ཨིནམ་ད་ སྟོང་ལོར་རྫུས་མ་ཚུ་ ཕུན་ཚོགས་གླིང་ལས་སྦེ་ རྒྱལ་ཁབ་ནང་འཁོད་ལུ་ ཁྱབ་སྤེལ་སོང་པའི་ དོགས་སྣང་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment