གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གླིང་མེད་ཐང་ལུ་ ཨ་ལུའི་མཐའ་སྐྱོང་ལྟེ་བ་སྒོ་ཕྱེ་ཡོདཔ།


ཨ་ལུའི་མཐའ་སྐྱོང་ལྟེ་བའི་ནང་ ཨ་ལུ་ཚུ་ རྩེདམོ་རྩེ་བའི་བསྒོང་།
ཚེ་རིང་རྣམ་རྒྱལ།

སྤེན་པ་ ཟླཝ་༣ པའི་༢༣། ༉ སྤྱི་ཟླ་༣ པའི་ཚེས་༢༠ ལུ་ མོང་སྒར་ས་གླིང་རྒེད་འོག་ གླིང་མེད་ཐང་ལུ་ ཨ་ལུའི་མཐའ་སྐྱོང་ལྟེ་བ་གསརཔ་ཅིག་ སྒོ་ཕྱེ་མི་དེ་གིས་ སློབ་གྲྭ་ནང་ བཙུགས་མ་རན་མི་ ཨ་ལུ་ཚུ་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།

བློ་ལྡན་གཞི་ཚོགས་ཀྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ གཞི་བཙུགས་འབད་མི་ ལྟེ་བ་དེ་གིས་ ཉེ་འདབས་ཀྱི་གཡུས་ཚན་ རྒྱང་དུང་དང་ འཕྲིན་དྭངས་སྦིས་ དེ་ལས་ གླིང་མེད་ཐང་ རང་བཞིན་སླར་འབྱུང་ཞིབ་འཚོལ་ལྟེ་བ་དང་ རྒྱལ་ཡོངས་ལས་མི་ བཟོ་སྐྲུན་གོང་འཕེལ་ལས་འཛིན་ ཧ་ཛེལ་ནཱཊ་ལས་འགུལ་ནང་ ལཱ་འབད་མི་ཚུ་ དེ་ལས་ ཚོང་པ་ཚུ་གི་ ཨ་ལུ་ཚུ་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།
མཐའ་སྐྱོང་སློབ་སྦྱོང་ལྟེ་བའི་ནང་ དཔེ་ཆ་ལྷབ་ནིའི་དོན་ལུ་ ད་ལྟོ་ སློབ་ཕྲུག་༤༦ གིས་ ཐོ་བཀོད་འབད་ཡོདཔ་མ་ཚད་ སློབ་དཔོན་༢ བསྐོ་བཞག་འབད་ཡོདཔ་ཨིན་པས།
ལྟེ་བ་དེ་ལུ་བརྟེན་ ཕན་ཐོགས་འབྱུང་ནི་ཨིན་མི་ཚུ་གི་གྲས་ལས་གཅིག་ ནང་གི་ཨམ་ བསོད་ནམས་བཟང་མོ་ཨིནམ་ད་ མོ་གི་རྨགཔ་དེ་ བཟོ་སྐྲུན་གོང་འཕེལ་ལས་སྡེའི་ནང་ ལཱ་འབད་དོ་ཡོདཔ་ཨིན་པས།
མོ་གིས་སླབ་མིའི་ནང་ སྐྱེས་ལོ་༣ དང་༥ ལང་མི་ མོ་རའི་ཨ་ལུ་༢ བལྟ་མི་མེད་མི་ལུ་བརྟེན་ ལྟེ་བ་དེ་ནང་བཙུག་པའི་བསྒང་ལས་ ཨ་ལུ་ཚུ་ལུ་ ཉིན་མར་དཔེ་ཆ་ལྷབ་ནི་དང་ རྩེདམོ་རྩེ་ནི་གི་ གོ་སྐབས་ཐོབ་ནི་ཨིནམ་མ་ཚད་ མོ་ར་ ཐགས་འཐག་ནི་གི་ དུས་ཚོད་ཡང་ འཐོབ་ནི་མས་ཟེར་ བཤདཔ་ཨིན་པས།
བློ་ལྡན་གཞི་ཚོགས་ཀྱི་མཉམ་འབྲེལ་བ་ རྡོ་རྗེ་བཀྲ་ཤིས་ཀྱིས་ སླབ་མིའི་ནང་ ལྟེ་བ་གཞི་བཙུགས་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ གྲོང་གསེབ་ཚུ་ནང་ གཞུང་གི་སློབ་གྲྭ་ཚུ་ནང་ བཙུགས་མ་རན་མི་ ཕམ་ཉམ་ཆུང་གི་ཨ་ལུ་ཚུ་གི་ རིག་པ་རྒྱ་བསྐྱེད་གཏང་ཐབས་ལུ་ཨིན་ཟེར་ཨིན་པས།
ཉིན་མའི་ཨ་ལུ་མཐའ་སྐྱོང་ལྟེ་བ་ནང་ ཨ་ལུ་ཚུ་གིས་ རིན་མེད་ཐོག་ལས་ གཞི་རིམ་གྱི་ དཔེ་ཆ་ལྷབ་ནི་ཨིནམ་མ་ཚད་ རྩེད་རིགས་སྣ་ཚོགས་ཚུ་ སློབ་སྦྱོང་འབད་ནི་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཤེས་ཡོན་ཚུ་ ལོ་ངོ་དག་པ་ཅིག་ནང་ རིན་མེད་སྟོང་པར་ བྱིན་ནི་ཨིན་རུང་ མ་འོངས་པར་ སློབ་སྦྱོང་འབད་སའི་ཁྱིམ་ ཉམས་བཅོས་འབད་ནིའི་དོན་ལུ་ ཨ་ལུའི་ཕམ་ཚུ་ལས་ དངུལ་ཀྲམ་དུམ་གྲ་རེ་ བསྡུ་འོང་ཟེར་ཨིན་པས།
བློ་ལྡན་གཞི་ཚོགས་ཀྱིས་ ཧེ་མར་ཡང་ རྒྱབ་སྐྱོར་འབད་དེ་ ལྟེ་བ་གཉིས་ གཞི་བཙུགས་འབད་ཡོད་མི་དེ་ཡང་ ལྟེ་བ་དང་པ་དེ་ སྤྱི་ལོ་༢༠༠༨ ལུ་ བུམ་ཐང་ཨུ་ར་ལུ་གཞི་བཙུགས་འབད་ཡོདཔ་བཞིན་དུ་ དེ་ནང་ ཨ་ལུ་༥༡ ཡོདཔ་ད་ ལྟེ་བ་༢ པ་དེ་ བསམ་རྩེ་ཅེང་མ་རི་ལུ་ གཞི་བཙུགས་འབད་ཡོད་མི་དེ་ནང་ སློབ་ཕྲུག་༣༥ ཡོདཔ་ཨིན་པས།
རྡོ་རྗེ་བཀྲ་ཤིས་ཀྱིས་ སླབ་མིའི་ནང་ ཁྲོམ་ཚུ་ནང་འབད་བ་ཅིན་ མང་ཤོས་ར་ ལྕོགས་གྲུབ་ཡོད་མི་ ཕམ་ཚུ་སྡོད་ནི་དེ་གིས་ འཐུས་སྤྲོད་དེ་ ཨ་ལུ་ཚུ་ མཐའ་སྐྱོང་ལྟེ་བའི་ནང་ བཏང་ཚུགས་དོ་ཡོདཔ་ལས་ གྲོང་གསེབ་ཀྱི་ ས་གནས་ཚུ་ནང་ ལྕོགས་གྲུབ་དང་མ་ལྡན་མི་ ཕམ་ཚུ་ལུ་ཡང་ གོ་སྐབས་འདྲ་མཉམ་བྱིན་ཐབས་ལུ་དམིགས་ཏེ་ མཐའ་སྐྱོང་ལྟེ་བ་ གཞི་བཙུགས་འབད་དོ་ཟེར་ཨིན་པས།
ན་ཧིང་ མོང་སྒར་ཁྲོམ་གྱི་དོན་ལུ་ བཀའ་དམ་དགོན་པ་ལུ་ སྒེར་གྱི་ཨ་ལུའི་མཐའ་སྐྱོང་ལྟེ་བ་ཅིག་ གཞི་བཙུགས་འབད་ཡོད་མི་དེ་ནང་ རྫོང་ཁག་དང་ ལས་འཛིན་ ལས་སྡེ་ དེ་ལས་ ཚོང་པ་ཚུ་གི་ ཨ་ལུ་ཚུ་ བཙུགས་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment