གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བ་འཇོ་ཐང་ཁྲོམ་ཁར་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ།


སྒྲུབ་མ་ཚརཝ་ལས་ར་ མཁོ་མངགས་འབད་ཚར་བའི་ བ་འཇོ་ཐང་ཁྲོམ་གྱི་ སྒྲིང་ཁྱིམ་ཚུ།
དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

དབང་འདུས་ཕོ་བྲང་ བ་འཇོ་ཁྲོམ་དེ་ སྒྲིང་ཁྱིམ་ཚུ་གིས་གང་ཡོད་རུང་ ཁྱིམ་མ་ལང་པའི་དཀའ་ངལ་ལུ་བརྟེན་ རྫོང་ཁག་དང་ ལས་འཛིན་ དེ་ལས་ ལས་འགུལ་གྱི་ལས་བྱེདཔ་ལ་ལུ་ཅིག་ གཅིག་ཁར་བསྡོམས་སྡོད་དོ་ཡོདཔ་ཨིན་པས།

ལ་ལུ་ཅིག་གིས་ ཁྱིམ་མ་ཐོབ་པའི་དཀའ་ངལ་ལུ་བརྟེན་ ཁང་གླ་མཐོ་རུང་ འཚེར་སྣང་མེད་པར་ སྡོད་དོ་ཡོདཔ་ད་ ལ་ལུ་ཅིག་ ཁྱིམ་མཁོ་མངགས་འབད་དེ་ ཟླཝ་ལང་སོ་རུང་ ད་ལྟོའི་བར་ན་ཡང་ མ་ཐོབ་པར་ཡོདཔ་ཨིན་པས།
དེ་ཡང་ ཁང་མིག་༣ འབད་མི་ ཁང་ཚན་རེ་ལུ་ ཟླ་རིམ་གྱི་ཁང་གླ་ དངུལ་ཀྲམ་༧,༥༠༠ དང་༨,༠༠༠ ཀྱི་བར་ན་ སྤྲོད་དགོ་དོ་ཡོདཔ་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ ཁྱིམ་མ་ལང་པའི་དཀའ་ངལ་དེ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ གོ་རིམ་༢ པའི་ ལས་བྱེདཔ་ཚུ་ ཁྲོམ་དེ་ནང་སྤུངས་འཛོམས་འབད་བའི་སྐབས་ ཁྱིམ་སྟོངམ་ཚུ་ ཆ་མཉམ་ར་ གང་མི་ལུ་བརྟེན་ཏེ་ཨིནམ་ད་ ཁང་གླ་ཡང་ ཡར་སེང་སོང་ཡི་ཟེར་ཨིན་པས།
ན་ཧིང་ ལས་འགུལ་གྱི་ལཱ་ འགོ་མ་བཙུགས་པའི་སྐབས་ ཟླཝ་རེ་ལུ་ ཁང་གླ་དངུལ་ཀྲམ་༦,༠༠༠ རེ་ སྦེ་སྡོད་དོ་ཡོདཔ་ཨིན་པས།
ཁང་གླར་སྡོད་མི་ བརྒྱ་ཆ་༩༠ དེ་ཅིག་ སྤུ་ན་གཙང་ཆུ་ གོ་རིམ་༢ པའི་ ལས་བྱེདཔ་ཚུ་ཨིན་པའི་ཁར་ ཁྱིམ་མང་ཤོས་ཅིག་ནང་ ལས་འགུལ་གྱི་ ཡིག་ཚང་བཙུགས་ཡོདཔ་ཨིན་པས།
ད་ལྟོ་ རྐྱབ་པའི་བསྒང་ཡོད་མི་ སྒྲིང་ཁྱིམ་ཚུ་ཡང་ ཟླ་༢ དེ་ཅིག་གི་ ཧེ་མ་ལས་ར་ མཁོ་མངགས་འབད་ཡོདཔ་ད་ དེའི་གྲས་ལས་ཅིག་ ཁྲོམ་གྱི་ལྟག་ལུ་ཡོད་མི་ ཚེ་རིང་གི་ ཁྱིམ་དེ་ཨིནམ་ད་ ཁོ་གིས་སླབ་མིའི་ནང་ ཁྱིམ་བསྒྲུབ་ནི་ལུ་ ཟླཝ་༢ དེ་ཅིག་ འགོར་ནི་ཨིན་རུང་ ད་ལྟོ་ལས་ར་ མཁོ་མངགས་འབད་ཚར་ཡི་ཟེར་ཨིན་པས།
ཁྲོམ་སྡེའི་འཐུས་མི་ རིན་ཆེན་ནོར་བུ་གིས་འབད་རུང་ ད་ལྟོ་ རྐྱབ་པའི་བསྒང་ཡོད་མི་ སྒྲིང་ཁྱིམ་༢༠ དེ་ཅིག་ ཧེ་མ་ལས་ མཁོ་མངགས་འབད་ཚར་ནུག་ཟེར་ཨིནམ་ད་ ཁྲོམ་ནང་ སྒྲིང་ཁྱིམ་གསརཔ་ ག་དེམ་ཅིག་རྐྱབ་རུང་ ཁྱིམ་འཚོལ་མི་ རྫོགས་ནི་མིན་འདུག་ཟེར་ཨིན་པས།
ད་རེས་ ཁྱིམ་ཐོབ་མི་ཚུ་ཡང་ ཟླཝ་༢ དང་༣ གྱི་ཧེ་མ་ལས་ མཁོ་མངགས་འབད་དེ་ ཐོབ་མི་ཚུ་ཨིནམ་ད་ དེའི་གྲས་ལས་ སྤུ་ན་གཙང་ཆུ་ལས་འགུལ་ནང་ ལཱ་འབད་མི་ བསྟན་འཛིན་གྱིས་ སླབ་མིའི་ནང་ ཁོ་གིས་ བ་འཇོ་ལུ་ གནས་སྤོ་མ་འོངམ་ལས་ར་ ཁྱིམ་འཚོལ་ནི་ འགོ་བཙུགས་རུང་ གནས་སྤོ་འོང་སྟེ་ ཟླཝ་༡ དེ་ཅིག་གི་ རྒྱབ་ལས་རྐྱངམ་གཅིག་ ཐོབ་ཚུགས་ཅི་ཟེར་ཨིནམ་ད་ དེའི་ཧེ་མ་ ཆ་རོགས་ཅིག་དང་གཅིག་ཁར་ སྡོད་དགོཔ་ཐོན་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ དངུལ་ཁང་ཅིག་ནང་ ལཱ་འབད་མི་ བུམོ་ཅིག་གིས་ སླབ་མིའི་ནང་ མོ་གིས་ཡང་ ཁྱིམ་མཁོ་མངགས་འབད་དེ་ ཟླཝ་༣ དེ་ཅིག་གི་ ཤུལ་ལས་རྐྱངམ་གཅིག་ ཐོབ་ཚུགས་ཅི་ཟེར་ཨིན་པས།
ཁྲོམ་སྡེའི་ བཟོ་རིག་བཀོད་ཁྱབ་འགོ་དཔོན་འོག་མ་ བློ་བཟང་གིས་ སླབ་མིའི་ནང་ བ་འཇོ་ཁྲོམ་དེ་ ས་ཆ་ཨེ་ཀར་༤༠ ནང་ ཆགས་ཏེ་ཡོདཔ་བཞིན་དུ་ ད་ལྟོ་ སྒྲིང་ཁྱིམ་༡༣༡ ཡོདཔ་ད་ ད་རུང་ སྒྲིང་ཁྱིམ་༡༢ ཀྱི་ ཤོང་ཚད་ཡོད་ཟེར་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ ཁྱིམ་གསརཔ་ག་དེམ་ཅིག་རྐྱབ་རུང་ ཁྱིམ་མ་ཐོབ་པའི་དཀའ་ངལ་ བསལ་མི་ཚུགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment