གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སོ་ནམ་ཞིང་ལམ་བདའ་སྟེ་ རྡོ་བཏོན་འབག་པའི་ཉོགས་བཤད།


འཇོམས་གཙང་གཡུས་ཚན་གྱི་ ཞིང་ལམ་བདའ་སྟེ་ རྡོ་བཏོན་འབག་པའི་ མཐོང་སྣང་།
ཚེ་རིང་རྣམ་རྒྱལ།

བཀྲིས་སྒང་རྫོང་ཁག་ ཨུ་མཛོ་རོང་ འཇོམས་གཙང་གཡུས་ཚན་གྱི་ མི་སེར་ཚུ་གིས་ ཁོང་གི་ སོ་ནམ་ཞིང་ལམ་བརྒྱུད་དེ་ རྡོ་བཏོན་མི་དེ་གིས་ ཞིང་ལམ་མེདཔ་བཏངམ་མས་ཟེར་ ཉོགས་བཤད་བཀོདཔ་ཨིན་པས།

འཕྲལ་ཁམས་ཅིག་ཁར་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ འགོ་འབྱེད་གནང་མི་ ཀི་ལོ་མི་ཊར་༡༣ འབད་མི་ སོ་ནམ་ཞིང་ལམ་དེ་གིས་ བཀང་ལུང་རྒེད་འོག་ སྤམ་གཡུས་ཚན་གྱི་ ཁྱིམ་གུང་༢༨ དང་ ཨུ་མཛོ་རོང་རྒེད་འོག་ འཇོམས་གཙང་གཡུས་ཚན་གྱི་ མི་སེར་གུང་པ་༦༡ ལྷགཔ་ཅིག་ལུ་ ཕན་ཐོགས་བྱུང་སྟེ་ ཡོདཔ་ཨིན་པས། 
ཨིན་རུང་ མི་སེར་ཚུ་གིས་ སླབ་མིའི་ནང་ རྡོ་ཚུ་མང་ཤོས་ར་ འཇོམས་གཙང་དང་ སྤམ་གཡུས་ཚན་གྱི་ ས་མཚམས་ལས་ ཁ་ཡར་བལྟ་སྟེ་ ཀི་ལོ་མི་ཊར་༤ ལྷགཔ་ཅིག་གི་ ས་ཁོངས་ནང་ ཕྱི་ཁའི་མི་ཚུ་འོང་སྟེ་ འཐུ་འབག་འགྱོཝ་མས་ཟེར་ཨིན་པས།
འཇོམས་གཙང་ཚོགས་པ་ ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ ཞིང་ལམ་གྱི་ གཡས་གཡོན་བདའ་སྟེ་ རྡོ་ཚུ་བཏོན་འབག་མི་ལུ་བརྟེན་ ལམ་ཆད་ནིའི་ ཉེན་ཁ་སྦོམ་ཡོད་པའི་ཁར་ ཤུལ་ལས་ ཉམས་བཅོས་ཀྱི་ལཱ་ འབད་བའི་སྐབས་ལུ་ རྡོ་མ་ཐོབ་པའི་ དཀའ་ངལ་འབྱུང་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ ཨུ་མཛོ་རོང་རྒེད་འོག་ལྟེ་བ་དང་ བཀང་ལུང་ནགས་ཚལ་ཡིག་ཚང་ནང་ ཉོགས་བཤད་ཡི་གུ་ བཙུགས་ཏེ་ཡོད་ཟེར་ཨིན་པས།
བཀྲིས་སྒང་མངའ་སྡེའི་ ནགས་ཚལ་གཙོ་འཛིན་འགོ་དཔོན་ ཀུན་བཟང་རྒྱལ་མཚན་གྱིས་ སླབ་མིའི་ནང་ ནགས་ཚལ་གྱི་སྲིད་བྱུས་དང་འཁྲིལཝ་ད་ ཞིང་ལམ་གྱི་ ལྟག་དང་འོག་ལས་ ཕིཊ་༥༠ གི་ནང་འཁོད་ལུ་ ཡོད་པའི་རྡོ་ཚུ་ ཞིང་ལམ་ལེགས་བཅོས་འབད་ནིའི་དོན་ལུ་ རྩིགཔ་རྐྱབ་ནི་དང་ སོ་ལིང་བསྒྲིག་ནི་ལ་སོགས་པའི་ ལཱ་གི་སྐབས་ ཁག་འབགཔ་དེ་ལུ་ གནང་བ་བྱིན་དོ་ཟེར་ཨིན་པས།
ཨིན་རུང་ གནང་བ་བྱིནམ་ད་ ཆུ་རྐ་མེད་ས་དང་ ཆད་ནིའི་ཉེན་ཁ་མེདཔ་ལ་སོགས་པའི་ ས་གནས་ཚུ་ནང་ལས་ སའི་ཐོག་ཁ་ལས་ འཐུ་ཆོག་པའི་གནང་བ་བྱིན་དོ་ཡོད་རུང་ གནད་དོན་དེ་གི་སྐོར་ལས་ གནང་བ་སྤྲོད་མ་སྤྲོད་ སླབ་མི་ཤེས་པས་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ཉོགས་བཤད་ཚུ་ མངའ་སྡེའི་ནགས་ཚལ་ཡིག་ཚང་ནང་ བཀོད་དགོཔ་ཨིན་རུང་ ད་ལྟོ་ མ་ཐོབ་ཟེར་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ ད་ལྟོ་ རྡོ་བཏོན་བཅུག་པ་ཅིན་ ཤུལ་ལས་ ལམ་ཉམས་བཅོས་འབདཝ་ད་ རྡོ་མ་ཐོབ་པའི་ དཀའ་ངལ་འབྱུང་ནི་མས་ཟེར་ཨིན་པས།
སོ་ནམ་ཞིང་ལམ་དེ་ སྤྱི་ལོ་༢༠༠༩ དང་༢༠༡༠ གྱི་ འཆར་ལོ་ནང་ རྒྱ་གར་གཞུང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ བཏོན་ནི་འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༢ ལུ་ མཇུག་བསྡུ་ནུག།
ཞིང་ལམ་དེ་གི་ སྒོར་ལྟབ་མང་ཤོས་ར་ དོག་དྲགས་འབད་ཡོདཔ་ད་ ས་གནས་ལ་ལུ་ཅིག་ནང་ འགྱེན་གཟར་དྲགས་ ཡོདཔ་ཨིན་པས།
འགོ་འབྱེད་རྟེན་འབྲེལ་སྐབས་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ ཞིང་ལམ་དེ་ སྤུས་ཚད་དང་མ་ལྡན་ནི་དེ་གིས་ ལོག་སྟེ་ར་ ལེགས་བཅོས་འབད་དགོ་པའི་སྐོར་ལས་ བཀའ་རྒྱ་གནང་ནུག།
བཀྲིས་སྒང་རྫོང་ཁག་གི་ སོ་ནམ་འགོ་དཔོན་ དོན་གྲུབ་འབྲུག་པ་གིས་ སླབ་མིའི་ནང་ རྫོང་ཁག་གིས་ འཕྲལ་མགྱོགས་ར་ ཁག་འབགཔ་འབོ་སྟེ་ ལེགས་བཅོས་འབད་བཅུག་ནི་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment