གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱབས་འགྲོ་དང་ བླ་མའི་རྣལ་འབྱོར་གྱི་སྐོར་ལས་ ཆོས་བཤད་གནང་ཡོདཔ།


བསོད་རྒྱལ་རིན་པོ་ཆེ།

བསྟན་འཛིན་རྣམ་རྒྱལ།

༉ འདས་པའི་བདུན་མཐའི་ནང་ བསོད་རྒྱལ་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་ན་གཞོན་དཔལ་རི་ཁང་ནང་ སྐྱབས་འགྲོ་དང་ བླ་མའི་རྣལ་འབྱོར་གྱི་ དབང་ལུང་ཁྲིད་གསུམ་གནང་སར་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ དབུ་གཙོས་པའི་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ དེ་ལས་ དད་ཅན་མང་རབས་ཅིག་གིས་ བཅའ་མར་གཏོགས་ཅི།

རིན་པོ་ཆེ་གིས་ གསུངས་མིའི་ནང་ ནང་པའི་ཆོས་ཀྱི་ གཞི་རྩ་ངོ་མ་དེ་ སྐྱབས་འགྲོ་ཨིན་མི་དེ་ཡང་ དཔེ་འབད་བ་ཅིན་  ཁྱིམ་དེ་ སྒྲིང་སྒྲིང་སྦེ་ རྐྱབ་དགོ་པ་ཅིན་ རྨང་གཞི་ལུ་ རག་ལས་དོ་བཟུམ་ ཆོས་ཀུན་གྱི་རྩ་བ་ སྐྱབས་འགྲོ་ཨིནམ་ལས་ སྐྱབས་འཚོལ་སའི་ཡུལ་ དཀོན་མཆོག་གསུམ་དེ་ ངོས་འཛིན་འབད་དགོཔ་ཁག་ཆེ་ཟེར་ཨིན་པས།
སྔོན་འགྲོ་ཟེར་ སྒོམ་ཉམས་ལེན་ མ་འབད་བའི་ཧེ་མར་ ལུས་ངག་ཡིད་༣ གྱི་ སྡིག་སྒྲིབ་དག་སྟེ་ ཚོགས་བསག་ནིའི་དོན་ལུ་ ཉམས་སུ་ལེན་དགོཔ་རིམ་པ་༦ ཡོད་མི་ལས་ དང་པ་སྐྱབས་འགྲོ་དེ་ཨིནམ་ད་ སྔོན་འགྲོའི་རིམ་པ་ཚུ་ལས་ཡང་ སྐྱབས་འགྲོ་དེ་ ཁག་ཆེ་ནི་དེ་གིས་ སྐྱབས་འཚོལ་སའི་ཡུལ་ ཧ་གོ་བ་ཅིན་ གཞན་ཚུ་རང་བཞིན་གྱི་ས ཧ་གོ་ཚུགས་ཟེར་གསུངས་ཡི།
སྐྱབས་འཚོལ་སའི་ཡུལ་དེ་ སངས་རྒྱས་དཀོན་མཆོག་དང་ ཆོས་དཀོན་མཆོག་ དགེ་འདུན་དཀོན་མཆོག་༣ ཨིན་མི་ལས་ ཁག་ཆེ་ཤོས་དེ་ བླམ་ཨིན་མི་དེ་ཡང་ བླམ་བསྟེན་པ་ཅིན་ ཆོས་འབད་ཚུགས་པའི་ གོ་སྐབས་མེད་ཟེར་ གསུངས་པའི་ཁར་ རང་ལུ་སྐྱབས་མཛད་མི་ དཀོན་མཆོག་༣ ལས་ སངས་རྒྱས་དཀོན་མཆོག་དེ་ ཐར་པ་འཐོབ་ནིའི་དོན་ལུ་ སློབ་དཔོན་བཟུམ་ཅིག་དང་ ཆོས་དེ་སངས་རྒྱས་ཀྱི་ས་ལུ་ འགྱོ་སའི་ལམ་ དེ་ལས་ དགེ་འདུན་དེ་ སངས་རྒྱས་ཀྱི་གོ་འཕང་ལུ་ འགྱོ་ནིའི་དོན་ལུ་ ཆ་རོགས་བཟུམ་ཨིནམ་ལས་ དཀོན་མཆོག་༣ ལུ་ སེམས་ཀྱི་གདིང་ལས་ར་ དད་པ་བསྐྱེད་ཐོག་ལས་ སྐྱབས་འཚོལ་དགོ་ཟེར་གསུངས་ཡི།
སྐྱབས་དེ་ དད་གུས་ཀྱི་ཐོག་ལས་ འཚོལ་བ་ཅིན་ ཆོས་ཚུལ་མཐུནམ་སྦེ་ འབད་ཚུགས་པའི་ ཕན་ཡོད་རུང་ དེ་ལུ་ དོགས་པ་ཆགས་པ་ཅིན་ དགྲ་ངོ་མ་བཟུམ་ཅིག་ཡང་ཨིནམ་ལས་ སྐྱབས་འཚོལཝ་ད་ དད་པ་དེ་ མེད་ཐབས་མེདཔ་ཅིག་ཨིན་ཟེར་ གསུངས་པའི་ཁར་ རང་བདེ་བ་དང་ སྡུག་བསྔལ་མྱོང་རུང་ སྐྱབས་འཚོལ་བའི་ ཉིནམ་ལས་འགོ་བཟུང་སྟེ་ སངས་རྒྱས་ཀྱི་ས་ལུ་ མ་ལྷོད་ཚུན་ སྐྱབས་གཟིགས་དགོ་ཟེར་བའི་ཐོག་ལས་ སྐྱབས་འཚོལ་དགོ་ཟེར་གསུངས་ཡི།
དེ་ལས་ བླ་མའི་རྣམ་འབྱོར་གྱི་སྐོར་ལས་ གསལ་བཤད་གནང་མིའི་ནང་ རྫོགས་པ་ཆེན་པོའི་ དབང་དུ་བཏང་པ་ཅིན་ བླ་མའི་རྣལ་འབྱོར་གྱི་སྐབས་ལུ་ རང་གི་རྩ་བའི་བླམ་དང་ གུ་རུ་རིན་པོ་ཆེ་ དབྱེར་མེད་དུ་སྒོམ་སྟེ་ གསོལ་བ་བཏབ་དགོ་མི་དེ་ཡང་ གུ་རུ་རིན་པོ་ཆེ་དེ་ རྣམ་༣ སྦེ་སྒོམ་དགོ་ཟེར་ཨིནམ་ད་ གུ་རུའི་ཞལ་ སྒོམ་གྱི་མཉམ་བཞག་ སྟོང་ཉིད་ཀྱི་ངང་དང་ སྤྱན་གྱིས་སེམས་ཀྱི་རང་བཞིན་ ངོ་བོ་འཛིན་ཏེ་ བཞུགས་ཡོདཔ་སྦེ་ བསམ་དགོཔ་མ་ཚད་ ཕྱག་གཡས་པ་ རྡོ་རྗེ་རྩེ་༥ དེ་ སངས་རྒྱས་༥ འི་རྣམ་པ་ལས་ འོད་ཟེར་སྣ་ཚོགས་ཤར་ཏེ་ རང་གི་ལུས་ངག་ཡིད་༣ གྱི་ ལས་དང་ཉོན་མོངས་ དེ་ལས་ ཚེ་རབས་ཐོག་མ་ལས་ བསགས་པའི་སྡིག་སྒྲིབ་ཚུ་ དག་པའི་ཁར་ ཕྱག་གཡོན་པ་ ཀ་པྭ་ལ་ལས་ འཆི་མེད་བདུད་རྩི་བབས་ཏེ་ འགྲོ་བ་རིགས་༦ སེམས་ཅན་ཐམས་ཅད་ཀྱི་ སྒོ་གསུམ་གྱི་ ལས་ངན་སྡིག་སྒྲིབ་དག་སྟེ་ གུ་རུ་རིན་པོ་ཆེའི་ སྐུ་གསུང་ཐུགས་ ཡེ་ཤེས་ ཡོན་ཏན་ དེ་ལས་ འཕྲིན་ལས་ཀྱི་ བྱིན་རླབས་ཞུགསཔ་ཨིནམ་སྦེ་ བསམ་དགོ་ཟེར་ཨིན་པས།
གུ་རུ་རིན་པོ་ཆེ་དེ་ སངས་རྒྱས་ཀུན་གྱི་ སྤྱི་གཟུགས་ཨིནམ་ལས་ དུས་ཚོད་སྙིགས་མིའི་ནང་ ཁོ་ལས་ལྷག་སྟེ་ བྱིན་རླབས་ཆེ་ཤོས་མེདཔ་ལས་ ཨ་རྟག་ར་ དད་མོས་ཀྱི་ཐོག་ལས་ གསོལ་བ་བཏབ་དགོཔ་མ་ཚད་ རྫོགས་རིམ་གྱི་སྐབས་ལུ་ རང་དང་ གུ་རུ་རིན་པོ་ཆེ་གཉིས་ཆ་ར་ འོད་ལུ་འཐིམ་ཡོདཔ་སྦེ་ བསམ་དགོ་ཟེར་གསུངས་ཡི།
ད་རུང་ བསོད་རྒྱལ་རིན་པོ་ཆེ་གིས་ སྐུ་གསུམ་དང་ རྩ་གསུམ་ དེ་ལས་ བཀའ་དགོངས་ཕུར་༣ གྱི་དབང་ལུང་ཁྲིད་༣ གནང་དགོ་པའི་དགོས་པ་ མཇུག་ལུ་དགེ་བ་བསྔོ་བའི་ཁུངས་  དེ་ལས་ གུ་རུ་དྲག་པོའི་དབང་ལུང་ཚུ་ གནང་པའི་ཤུལ་ལུ་ གུ་རུ་ང་འདྲ་མའི་སྐུ་འདྲ་ལས་ ཕྱག་དབང་དང་ བྱིན་རླབས་གནང་སྟེ་ མཇུག་གནང་ཡི།
བསོད་རྒྱལ་རིན་པོ་ཆེ་གིས་ ད་རེས་ཀྱི་ བདུན་མཐའི་ནང་ སྤ་རོ་སློབ་དཔོན་ སློབ་སྦྱོང་སྤེལ་ཁང་ནང་ སློབ་དཔོན་སློབ་སྦྱོང་འབད་མི་ཚུ་དང་ སློབ་དཔོན་ཚུ་ལུ་ སྒོམ་རིམ་གྱི་སྐོར་ལས་ གསུང་གནང་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment