གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་གྲྭའི་ སོ་ནམ་ལས་འགུལ་ལུ་ གྲོགས་རམ།


ཐའི་ལེནཌི་གི་ རྒྱལ་སྤྱི་གོང་འཕེལ་མཉམ་འབྲེལ་ལས་སྡེའི་
ཡོངས་ཁྱབ་མདོ་ཆེན་ངོ་ཚབ་ སུ་ཅ་ད་ཐའི་ བཱུན་གྱིས་
ཤེས་རིག་དྲུང་ཆེན་ སངས་རྒྱས་བཟང་མོ་ལུ་
དངུལ་འཛིན་ཅེག་ རྩིས་སྤྲོད་འབད་བའི་བསྒང་།

ཤེས་རབ་བསྟན་འཛིན།

སྤྱི་ཟླ་༣ པའི་ཚེས་༢༨ ལུ་ ཐའི་ལེནཌི་རྒྱལ་པོའི་སྲསམོ་ མ་ཧཱ་ ཅག་རི་ ཤི་རིན་ཧཱོན་ལས་འགུལ་ཡིག་ཚང་གིས་ འབྲུག་གི་ སློབ་གྲྭའི་སོ་ནམ་ལས་འགུལ་གྱི་ གྲོགས་རམ་དོན་ལུ་ དངུལ་འཛིན་ཅེག་ ཡུ་ཨེས་ཌོ་ལར་༤༠,༥༤༩.༠༧ གྲོགས་རམ་གནང་མི་དེ་ ཐའི་ལེནཌི་གི་ རྒྱལ་སྤྱི་གོང་འཕེལ་མཉམ་འབྲེལ་ལས་སྡེའི་ ཡོངས་ཁྱབ་མདོ་ཆེན་ངོ་ཚབ་ སུ་ཅ་ད་ཐའི་ བཱུན་གྱིས་ ཤེས་རིག་དྲུང་ཆེན་ སངས་རྒྱས་བཟང་མོ་ལུ་ རྩིས་སྤྲོད་འབད་ཡི།

གྲོགས་རམ་གྱི་ དམིགས་གཏད་ངོ་མ་ར་ འབྲུག་པའི་ཨ་ལུའི་གནས་སྟངས་ ཡར་དྲག་གཏང་ནི་དང་ རྒྱལ་ཁབ་༢ ཀྱི་བར་ན་ སོ་ནམ་དང་འབྲེལ་བའི་ རིག་པ་བརྗེ་སོར་འབད་ནི་ སློབ་དཔོན་ཚུ་གིས་ སློབ་གྲྭ་ཁག་ལས་ཕར་ སོ་ནམ་རིག་པ་གཞི་བཙུགས་འབད་ནི་ དེ་ལས་ སློབ་གྲྭ་ནང་ དཔེ་ཆ་རྐྱངམ་གཅིག་མེན་པར་ གཞན་རིག་པ་མ་འདྲཝ་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ཨིན་པས།
 གྲོགས་རམ་མ་དངུལ་དེ་ འགོ་ཐོག་ལུ་ སློབ་གྲྭ་༣ གདམ་འཐུ་འབད་མི་ཚུ་ལུ་ བགོ་བཤའ་རྐྱབ་ནི་ཨིནམ་ད་ དེ་ཡང་ ཐིམ་ཕུ་དགེ་བསྙེན་ཁ་འབྲིང་རིམ་སློབ་གྲྭ་འོག་མ་ལུ་ ཡུ་ཨེས་ཌོ་ལར་༡༤,༩༣༧.༥༦ དང་ སྤ་རོ་ཝ་ན་ཁ་འབྲིང་རིམ་སློབ་གྲྭ་འོག་མ་ལུ་ ཡུ་ཨེས་ཌོ་ལར་༩,༩༦༡.༡༠ དེ་ལས་ པདྨ་དགའ་ཚལ་ གཡུ་རུང་འབྲིང་རིམ་སློབ་གྲྭ་འོག་མ་ལུ་ ཡུ་ཨེས་ཌོ་ལར་༡༥,༦༥༠.༤༠ བྱིན་ནི་ཨིན་པས།
སློབ་གྲྭའི་ཤེས་རིག་ལས་ཁུངས་ཀྱི་ ལས་རིམ་འགོ་དཔོན་གོངམ་ བྲེ་སྲང་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལྟོ་ མོ་བཏབ་བཟུམ་ཅིག་སྦེ་ སློབ་གྲྭ་༣ གདམ་འཐུ་འབད་མི་དང་འབྲེལ་ མ་དངུལ་ཡང་ ཁོང་གིས་ གྲོས་འཆར་བཀོད་མི་དང་འཁྲིལ་ཏེ་ བྱིན་ནི་ཨིནམ་ད་ དེ་ཡང་ ལྡུམ་རའི་ར་བ་རྐྱབ་ནི་དང་ ལྕངམ་འཛུགས་སྐྱོང་ཁང་རྐྱབ་ནི་ ཆུ་གཡུར་བཟོ་ནི་ ཕགཔ་གསོ་ཁང་ལ་སོགས་པའི་དོན་ལུ་ཨིན་ཟེར་ཨིན་པས། 
ཁོ་གིས་ སླབ་མིའི་ནང་ སློབ་གྲྭ་༣ གདམ་འཐུ་རྐྱབ་དགོ་མི་དེ་ཡང་ ཕམ་ཉམ་ཆུང་གི་ཨ་ལུ་ ལེ་ཤ་ཡོད་ནི་དེ་གིས་ཨིནམ་ད་ གཡུ་རུང་བཟུམ་ཅིག་འབད་བ་ཅིན་ འདི་བཟུམ་མིའི་ སློབ་གྲྭའི་སོ་ནམ་ལས་རིམ་དེ་ ཧེ་མ་ལས་ སྦྱོང་བརྡར་འབད་དེ་ཡོད་ནི་དེ་གིས་ ཨིན་ཟེར་ཨིནམ་ད་ ཐིམ་ཕུ་རྫོང་ཁག་གི་ སློབ་གྲྭ་ནང་འབད་བ་ཅིན་ ཕམ་ཉམ་ཆུང་གྱི་ སློབ་ཕྲུག་ཡོད་པ་གིས་མ་ཚད་ གྲོགས་རམ་གནང་མི་ རྒྱལ་པོའི་སྲསམོ་ འབྲུག་ལུ་གཟིགས་སྐོར་ནང་བྱོན་ནིའི་ འཆར་གཞི་ཡོདཔ་ལས་ ཐིམ་ཕུ་དང་ སྤ་རོ་༢ པོ་དེ་ ས་གོ་སྟབས་བདེ་ནི་དེ་གིས་ ཨིན་ཟེར་ཨིན་པས།
ད་ལྟོ་ སློབ་གྲྭའི་སོ་ནམ་ལས་འགུལ་ནང་ སྦྱོང་བརྡར་འབད་མི་ སློབ་གྲྭ་༡༧༥ ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment