གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤུ་ན་གཙང་ཆུ་༢ པའི་དོན་ལུ་ ཁང་ཚན་༥༤༠ འབད་མི་ སྡོད་ཁྱིམ་བཟོ་སྐྲུན།


སྡོད་ཁྱིམ་ཚུ་ སང་ཕོད་ སྤྱི་ཟླ་༧ པའི་ནང་ བསྒྲུབས་པའི་བསྒང་ལས་ བ་འཇོ་ཁྲོམ་གྱི་ སྒྲིང་ཁྱིམ་ཚུ་ སྟོངམ་འཐོན་ནིའི་འོས་འབབ།
ད་ལྟོ་ མི་གིས་ལྟེམ་ལྟེ་གང་སྟེ་ཡོད་མི་ བ་འཇོ་ཁྲིམ་གྱི་ སྒྲིང་ཁྱིམ་ཚུ།
བསྟན་འཛིན་རྣམ་རྒྱལ།

 ༉ དབང་འདུས་ཕོ་བྲང་ བ་འཇོ་ཐང་ཁྲོམ་ཁར་ཡོད་མི་ སྒྲིང་ཁྱིམ་ཚུ་ ད་རེས་ནངས་པའི་ བཟོ་བཀོད་དང་བསྟུན་ རྐྱབ་ཡོདཔ་མ་ཚད་ ཐོག་ཚད་ལས་འབད་རུང་ ཉུང་ཤོས་ཁྱིམ་ཐོག་༣ ཡོད་པའི་ཁར་ སྒྲིང་ཁྱིམ་༡༣༡ ཆ་མཉམ་གྱི་ འོག་ཐོག་ཚུ་ ཚོང་ཁང་བཟོ་བཏུབ་སྦེ་ རྐྱབ་ཡོདཔ་ཨིན་པས།
ཁྱིམ་གྱི་ཇོ་བདག་ཚུ་གིས་ སྒྲིང་ཁྱིམ་ཚུ་ལུ་ མ་རྩ་བཙུགས་མི་དེ་ ཁང་གླར་གཏང་ནི་ལུ་དམིགས་ཏེ་ཨིནམ་ད་ ལ་ལུ་ཅིག་ལུ་ སྒྲིང་ཁྱིམ་རྐྱབ་ཚུགས་པའི་ ལྕོགས་གྲུབ་མེད་རུང་  དངུལ་ཁང་ལས་ སྐྱིན་འགྲུལ་བརྒྱ་ཆ་༩༥ རེ་དང་ ལ་ལུ་གིས་ བརྒྱ་ཆ་༦༠ དང་༦༥ གི་བར་ན་ལེན་ཏེ་ རྐྱབ་ཡོདཔ་ཨིན་པས།
ཇོ་བདག་རིན་ཆེན་གྱིས་འབད་བ་ཅིན་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༥ ལེན་མི་ལུ་ སྐྱིན་ཚབ་ཟླ་རིམ་བཞིན་དུ་ དངུལ་ཀྲམ་༥༠,༡༠༠ རེ་སྤྲོད་ནི་སྦེ་ ཞག་དུས་བཟོ་མི་དེ་གིས་ ལོ་ངོ་༢༥ ནང་རྐྱངམ་གཅིག་ བཏབ་ཚར་འོང་ཟེར་ཨིནམ་ད་ ཁོ་གིས་ སྒྲིང་ཁྱིམ་ཁང་གླར་བཏང་མི་ལས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༣༤,༠༠༠ རེ་ བསྡུ་ལེན་འབད་ཚུགས་དོ་ཡོདཔ་ཨིན་པས།
ད་རུང་ ཁྱིམ་གྱི་ཇོ་བདག་གཞན་ཅིག་གིས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༦ ལེན་མི་ལུ་ ཟླ་རིམ་བཞིན་དུ་ སྐྱིན་ཚབ་དངུལ་ཀྲམ་༦༡,༨༠༠ རེ་སྤྲོད་དོ་ཡོདཔ་ལས་ ལོ་ངོ་༢༥ གི་ཤུལ་ལུ་རྐྱངམ་གཅིག་ སྐྱིན་ཚབ་སྤྲོད་ཚར་ནི་ཨིན་པས།
བ་འཇོ་ཁྲོམ་ལུ་ ཁང་མིག་རེ་འབད་མི་ སྒྲིང་ཁྱིམ་ཚུ་ལུ་ ཁང་གླ་ཉུང་ཤོས་༧,༥༠༠ རེ་ སླབ་དོ་ཡོདཔ་ཨིན་རུང་ དེ་ལུ་ ཚེར་སྣང་མེད་པར་ སྡོད་མི་ཐོན་ཡོདཔ་མ་ཚད་ ཁྱིམ་ལངམ་མེད་མི་ལུ་བརྟེན་ ཁྱིམ་འཚོལ་མི་ ལེ་ཤ་ཐོན་དོ་ཡོདཔ་ཨིན་པས། 
ཁང་གླ་ནང་ སྡོད་མི་མང་ཤོས་ར་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ གོ་རིམ་དང་པ་དང་༢ པའི་ ལས་བྱེདཔ་ཚུ་ཨིནམ་ད་ དེ་ཡང་ རྫོང་ཁག་ནང་ གློག་མེ་ལས་འགུལ་ འགོ་བཙུགས་ནི་དེ་གིས་ ལོ་གཅིག་གི་ ནང་འཁོད་ནང་ར་ མི་སྟོང་ཕྲག་ལས་བཅད་དེ་ ལྷོད་ཡོདཔ་ཨིན་པས། 
ཁང་གླར་སྡོད་མི་ཚུ་གིས་ སླབ་མིའི་ནང་ བ་འཇོ་ཁྲོམ་ཁར་ ད་རེས་སྐབས་ཅིག་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ནང་ ལཱ་འབད་མི་ཚུ་གིས་ ཁྱིམ་མཁོ་མངགས་འབད་མི་ལུ་བརྟེན་ ཁང་གླ་ཡར་སེང་སོང་ཡི་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ ཁང་མིག་རེ་ལུ་ ཁང་གླ་དངུལ་ཀྲམ་༦༠༠ མ་གཏོགས་ སྤྲོད་མི་དགོཔ་ཨིན་རུང་ ཟླཝ་དག་པ་ཅིག་གི་ཤུལ་ལས་ དངུལ་ཀྲམ་༧,༠༠༠ ལུ་ ཡར་སེང་རྐྱབ་ཅི་ཟེར་ཨིན་པས།
དེ་འབདཝ་ད་ ཁྱིམ་མཁོ་མངགས་འབད་མི་དེ་ ལོ་༡ དེ་ཅིག་གི་རྒྱབ་ལས་ མར་འབབ་འགྱོ་ནི་གི་ འོས་འབབ་ཡོད་མི་དེ་ཡང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ ལས་བྱེདཔ་ཚུ་གི་དོན་ལུ་ དབང་འཛིན་གྱིས་ ཧེ་སོ་ཐང་ཀ་ལུ་ སྡོད་ཁྱིམ་ཡུ་ནིཊ་༥༤༠ འབད་མི་ཅིག་ རྐྱབ་པའི་བསྒང་ཡོདཔ་ལས་ དེ་ནང་ མི་ཉུང་ཤོས་༥༤༠ ཤོང་ནི་ཨིན་པས།
དབང་འཛིན་གྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ད་ལྟོ་ དབང་འཛིན་ལུ་ རང་དབང་སྡོད་ཁྱིམ་མེདཔ་ལས་ ཁྱིམ་གྱི་འཐུས་ ཟླ་རིམ་དངུལ་ཕོགས་ལས་ བརྒྱ་ཆ་༤༠ རེ་ བྱིན་དོ་ཡོད་མི་གིས་ ལས་བྱེདཔ་ཚུ་ བ་འཇོ་ཁྲོམ་དང ལོད་སྦིས་ས་ཚུ་ནང་ ཁང་གླ་ལེན་ཏེ་ སྡོད་དོ་ཡོདཔ་ཨིན་རུང་ སྡོད་ཁྱིམ་དེ་ སང་ཕོད་ སྤྱི་ཟླ་༧ པའི་ནང་ བསྒྲུབ་པའི་སྐབས་ ལས་བྱེདཔ་མང་ཤོས་ཅིག་ར་ སྡོད་ཁྱིམ་གསརཔ་ནང་ སྡོད་ཚུགས་ཟེར་ཨིན་པས།
བ་འཇོ་ཁྲོམ་ཁར་ ཁང་གླ་ལེན་སྡོད་མི་ བདེ་ཆེན་གྱིས་འབད་བ་ཅིན་ སང་ཕོད་ལས་ མི་མང་ཤོས་ཅིག་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་དང་ པའི་སྡོད་ཁྱིམ་ནང་ སྤོ་བཤུད་འབད་བའི་སྐབས་ བ་འཇོ་ཁྲོམ་གྱི་ སྒྲིང་ཁྱིམ་མང་ཤོས་ཅིག་ སྟོངམ་འཐོན་ནིའི་ ཉེན་ཁ་ཡོདཔ་ད་ དེ་བསྒང་ལས་ ཁང་གླ་ཡང་ མར་ཕབ་འབད་ནི་གི་ གོ་སྐབས་འདུག་ཟེར་ཨིན་པས།
བ་འཇོ་ཁྲོམ་སྡེ་ལས་འཛིན་གྱི་ བཟོ་རིག་བཀོད་ཁྱབ་གཙོ་འཛིན་ བློ་བཟང་གིས་འབད་བ་ཅིན་ ད་རེས་ བ་འཇོ་ཁྲོམ་ཁར་ སྡོད་མི་༣,༠༠༠ དེ་ཅིག་ཡོད་མི་ལས་ མང་ཤོས་ར་ གློག་མེ་དབང་འཛིན་ནང་ ལཱ་འབད་མི་ཚུ་ཨིནམ་བཞིན་དུ་ ཁྲོམ་དེ་ནང་ ད་རུང་ སྒྲིང་ཁྱིམ་གསརཔ་༡༢ དེ་ཅིག་ རྐྱབ་ནི་གི་ འཆར་གཞི་འདུག་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment