གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།


འགྲེམ་ཐོག་རྐྱངམ་གཅིག་མེན་པར་ ཚོགས་རྒྱན་ལམ་ལུགས་ 
སྒོ་ཡངས་དྲགས་བཟོ་དགོཔ།
༉ སང་ཕོད་ སྤྱི་ཚོགས་དང་འབྲེལ་བའི་ བཙག་འཐུ་ཐེངས་༢ པ་ འགོ་འདྲེན་འཐབ་པའི་སྐབས་ ཨེ་མི་རི་ཀ་ལུ་ ལཱ་འབད་མི་ འབྲུག་མི་ཚུ་གིས་ཡང་ ཚོགས་རྒྱན་གྱི་ བྱ་རིམ་ཚུ་ནང་ འབྲེལ་གཏོགས་འབད་ཚུགས་ནི་ཨིནམ་ལས་ ཁོང་གི་དོན་ལུ་ གནས་ཚུལ་ལེགས་ཤོམ་ཅིག་ཨིན་པའི་ཁར་ རྒྱལ་ཁབ་ཀྱི་ སྤྱི་ཚོགས་ཅན་གྱི་ དམངས་གཙོའི་བྱ་རིམ་ གོམ་པ་མདུན་ཕྱོགས་ལུ་སྤོ་བའི་ བརྡ་མཚོན་ཅིག་ཡང་ཨིན་མས།

དེ་ཡང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཡུ་ཨེསི་ཨེ་ལུ་སྡོད་མི་ འབྲུགཔ་ཚུ་གིས་ གློག་རིག་བརྡ་བརྒྱུད་ཐོག་ལས་དང་ ཡང་ཅིན་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་ཆོགཔ་བཟོ་མི་དེ་གིས་ རྒྱལ་ཁབ་ནང་ ཚོགས་རྒྱན་སྐྱུར་མིའི་ གྱངས་ཁ་ཡར་སེང་འགྱོ་ནི་དང་ ད་ལྟོ་ ར་བཏགས་པའི་བསྒང་ཡོད་མི་ འབྲུག་གི་དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་སྒྲིང་སྒྲིང་བཟོ་ནིའི་ བརྩོན་ཤུགས་ནང་ཡང་ ལྷན་ཐབས་འབད་ཚུགས་ནི་ཨིན་མས།
ད་རེས་ནངས་པ་ ཨེ་མི་རི་ཀ་ལུ་ སློབ་སྦྱོང་འབད་མི་དང་ ལཱ་འབད་སྡོད་མི་ འབྲུག་མི་༡,༠༠༠ ལྷགཔ་ཅིག་ཡོདཔ་བཞིན་དུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ཁོང་གི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་ཆོགཔ་བཟོ་མི་དེ་ཡང་ སྤྱི་ལོ་༢༠༡༠ ཟླཝ་༩ པའི་ནང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ནིའུ་ཡོག་ལུ་ ལཱ་འབད་མི་ འབྲུག་མི་ཚུ་ལུ་ ཁོང་ཆ་ཁྱབ་ མི་ཁུངས་ངོ་སྤྲོད་ལག་ཁྱེར་བསྐྱར་གསོ་འབད་བར་ ལཱ་ཁག་སྦེ་ འབྲུག་ལུ་ འོང་མ་དགོ་པར་ བསྐྱར་གསོ་འབད་ནི་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་ནི་གི་ འོས་འབབ་གཟིགས་འོང་ཟེར་ གསུངས་གནང་མི་དང་འཁྲིལ་ཨིན་པས།
ད་ཚུན་གྱི་བར་ན་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་ནི་དང་ ཡང་ཅིན་ གློག་རིག་བརྡ་བརྒྱུད་ཐོག་ལས་ ཚོགས་རྒྱན་བཙུགས་ཆོག་མི་དེ་ ཕྱིའི་རྒྱལ་ཁབ་ཚུ་ནང་ འབྲུག་གཞུང་གི་ སྐུ་ཚབ་ལས་ཁང་ནང་གི་ ལས་བྱེདཔ་ཚུ་དང་ ཕྱི་འབྲེལ་དོན་གཅོདཔ་ དམིགས་བསལ་གཞུང་འབྲེལ་གྱི་ ལཱ་འགན་དོན་ལུ་ སྐབས་ཐོབ་ཅིག་ རྒྱལ་ཁབ་གཞན་ཁར་སྡོད་མི་ འབྲུག་པའི་དམག་སྡེའི་ འཐུས་མི་ཚུ་དང་ བཙག་འཐུའི་ལཱ་འགན་ཕོག་མི་ཚུ་གིས་གཙོས་པའི་ ཞི་གཡོགཔ་དང་ སློབ་ཕྲུག་ སློབ་སྦྱོང་པ་ཚུ་ཨིནམ་ད་ ཁྱད་ཚད་འདི་ནང་ མ་ཚུད་མི་ཚུ་ རང་སོའི་འདེམས་ཁོངས་ནང་ ཚོགས་རྒྱན་སྐྱུར་བར་ འགྱོ་དགོཔ་ཨིན།
མ་གཞི་ བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཁབ་གཞན་ཚུ་ནང་སྡོད་མི་ འབྲུག་མི་ཚུ་ལུ་ཡང་ འགྲེམ་ཐོག་དང་ ཡང་ཅིན་ གློག་རིག་བརྡ་བརྒྱུད་ཐོག་ལས་ ཚོགས་རྒྱན་བཙུགས་ཆོག་པའི་ འོས་འབབ་ཡང་ བལྟ་འོང་ཟེར་ སླབ་ཨིན་རུང་ འབྲུག་གི་དམངས་གཙོའི་བྱ་རིམ་ནང་ མི་སེར་གང་མང་ལུ་ འབྲེལ་གཏོགས་འབད་བཅུག་སྟེ་ སྤྱི་ཚོགས་ཅན་གྱི་ བཙག་འཐུའི་བྱ་རིམ་མཐར་འཁྱོལ་ཅན་སྦེ་ བཟོ་ཐབས་ལུ་ མི་སྡེ་ཆ་ཤས་ཅིག་ལུ་མེན་པར་ ས་གནས་ཁག་སོ་སོ་ལས་ཕར་ སྡོད་མི་ཚུ་ལུ་ རང་སྡོད་སའི་ ས་ཁོངས་ནང་ ཚོགས་རྒྱན་སྐྱུར་ཚུགསཔ་ བཟོ་ནི་དེ་གལ་ཆེ།
ད་རེས་ནངས་པ་ ཚོགས་རྒྱན་སྐྱུར་མི་ ལེ་ཤ་ཅིག་ར་ རང་གི་གཡུས་སྒོ་ཚུ་ནང་མིན་པར་ རྒྱལ་ཁབ་ཀྱི་ ས་གནས་ཁག་སོ་སོའི་ནང་ བཟའ་ཚང་དང་གཅིག་ཁར་ ལཱ་གཡོག་དང་ཚོང་རྐྱབ་སྟེ་ སྡོད་དོ་ཡོདཔ་ལས་ རང་སྡོད་སའི་ ས་གོ་ནང་ ཚོགས་རྒྱན་བཙུག་ནི་གི་ ཐོབ་དབང་ཚུ་ གནང་ནི་གི་ འོས་འབབ་ཡང་གཟིགས་དགོ། འབྲུག་གི་རྩ་ཁྲིམས་ཆེན་མོ་གིས་ཡང་ འབྲུག་པའི་མི་སེར་ཆ་མཉམ་ལུ་ ཚོགས་རྒྱན་སྐྱུར་ནི་དང་ སྡོད་གནས་ཀྱི་ གཞི་རྟེན་ཐོབ་དབང་གནང་ཡོད་མི་དེ་ བསྟར་སྤྱོད་འབད་ཐབས་ལུ་ འབྲེལ་ཡོད་འདེམས་ཁོངས་རྐྱངམ་གཅིག་ནང་མེན་པར་ ཚོགས་རྒྱན་སྐྱུར་མི་ཚུ་ སྡོད་ས་ལས་ ཚོགས་རྒྱན་སྐྱུར་ཆོག་པ་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་དགོ།
འབྲུག་གི་ཚོགས་རྒྱན་ལམ་ལུགས་ སྟབས་གང་བདེ་སྦེ་ བཟོ་གནང་པ་ཅིན་ སྤྱི་ཚོགས་ཀྱི་ འཐུས་མི་དང་ འགོ་ཁྲིདཔ་ཚུ་ བཙག་འཐུ་འབད་ནིའི་ བྱ་རིམ་ནང་ མི་སེར་མང་མོས་ཀྱིས་ ཚོགས་རྒྱན་བཙུག་ཚུགས་ནི་དང་ འབྲེལ་གཏོགས་མངམ་ཡོད་པ་ཅིན་ དམངས་གཙོའི་རིང་ལུགས་ཡང་ བཏགས་སར་སྐྱེལ་ཚུགས་ཟེར་ ཞུ་ནི་ཨིན།

No comments:

Post a Comment