གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྲོང་གསེབ་ཤིང་ཆས་ཀྱི་ཐོབ་ལམ་ཚུ་ ལོག་སྤྱོད་དར་ཁྱབ།


གྲོང་གསེབ་ནང་ ཁྱིམ་རྐྱབ་ནིའི་དོན་ལུ་ ཐོབ་ལམ་དང་འཁྲིལ་ མཁོ་སྤྲོད་འབད་མི་ ཤིང་ཆས་ཚུ་ ཁྲོམ་སྡེ་ཚུ་ནང་ ཚུལ་མིན་ཐོག་ ལྷོད་དོ་ཡོདཔ།
ནགས་ཤིང་ཚུ་ བརྡབས་ཚར་བའི་ཤུལ་ལུ་
ནགས་ཤིང་བསྐྱར་འཛུགས་འབད་ནི་ ཡོདཔ་ཨིན་ན?
བསམ་གཏན་ཡེ་ཤེས།
༉ འབྲུག་གི་ཁྲོམ་སྡེ་ཚུ་ནང་ བཟོ་སྐྲུན་གོང་འཕེལ་འགྱོ་མི་དང་བསྟུན་ ཁྲོམ་སྡེའི་ཤིང་ཆས་ཀྱི་ གོང་ཚད་ཡར་སེང་སོང་ཡོདཔ་མ་ཚད་ ཤིང་ཆས་ཚུ་ཡང་ ཐོབ་ཚུགས་པར་ ལཱ་ཁག་ཡོད་མི་ལུ་བརྟེན་ ཁྱིམ་རྐྱབ་མི་ཚུ་གིས་ གོང་ཚད་ག་ནི་བ་ཁེ་བའི་ གྲོང་གསེབ་ཀྱི་ ཤིང་ཆས་ཚུ་ མཁོ་སྒྲུབ་འབད་མི་དེ་གིས་ ཚུལ་མིན་ལག་ལེན་ཚུ་ལུ་ རྒྱུད་བསྐུལ་འབདཝ་ཨིན་པས།

ནག་ཚལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འབྲུག་ལུ་ ཤིང་ཆས་ནག་ཚོང་འཐབ་ནི་ཚུ་ དར་ཁྱབ་རྒྱ་ཆེ་དྲགས་མེད་རུང་ ད་རེས་ནངས་པ་ གྲོང་གསེབ་ཀྱི་ ཤིང་ཆས་ཐོབ་ལམ་ཚུ་ ཚུལ་མིན་ཐོག་ ལོག་སྤྱོད་འབད་མི་དེ་ དར་ཁྱབ་སོང་སྟེ་ཡོད་ཟེར་ཨིན་པས།
དེ་ཡང་ གྲོང་གསེབ་གཡུས་ཚན་ནང་ ཁྱིམ་གུང་རེ་གིས་ ཁྱིམ་གསརཔ་རྐྱབ་ནི་ལུ་མཁོ་བའི་ ཤིང་ལྕམ་གི་དོན་ལུ་ ཤིང་རྩཝ་༨༠ དང་ དྲ་ཤིང་༨ དེ་རེ་ འཐོབ་ནི་ཡོད་མི་དེ་ གྲོང་གསེབ་མི་སེར་ཅིག་གི་ མིང་ཐོག་ཁར་ ལེན་ཏེ ཤིང་དྲ་ཁང་དང་ ཁྲོམ་སྡེའི་མི་ཚུ་གིས་ ཉོ་ཞིནམ་ལས་ ཚུལ་མིན་ཐོག་ལས་ འབག་འོང་སྟེ་ ཁྲོམ་སྡེ་ཚུ་ནང་ ཟོ་སྐྲུན་འབད་མི་ཚུ་ལུ་ བཙོང་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༨ ལས་༢༠༡༡ གི་བར་ན་ ནགས་ཚལ་ཚུ་ནང་ ཚུལ་མིན་གྱི་སྒོ་ལས་ ཤིང་བརྡབ་མི་དང་ གྲོང་གསེབ་ཀྱི་ ཤིང་ཆས་ལོག་སྤྱོད་འབད་མི་ བསྡོམས་ཀྱིས་མི་གྲངས་༦༨༡ ནགས་ཚལ་འགོ་དཔོན་ཚུ་གིས་ བདའ་ཟུན་ཏེ་ ཉེས་ཆད་དང་ རྒུད་འཐུས་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༡༨.༤༤ བསྡུ་ལེན་འབད་ཡོདཔ་ཨིན་པས།
ནགས་ཚལ་འགོ་དཔོན་ ཕུརཔ་ཚེ་རིང་གིས་སླབ་མིའི་ནང་ ནགས་ཚལ་གི་ཤིང་ཆས་ ཚུལ་མིན་ལག་ལེན་དང་འབྲེལ་བའི་ གནད་དོན་མང་ཤོས་ར་ གྲོངས་གསེབ་ཤིང་ཆས་ ཚོང་འབྲེལ་འཐབ་སྟེ་ ལོག་སྤྱོད་འབད་མི་ཚུ་ཡོད་ཟེར་ཨིན་པས།
དེ་བཟུམ་མའི་ ཚུལ་མིན་གྱི་ ལག་ལེན་འཐབ་མི་ཚུ་ ནགས་ཚལ་ལས་ཁུངས་ཀྱིས་ བདའ་ཟུན་པའི་སྐབས་ ཉེས་ཆད་དངུལ་ཀྲམ་༥,༠༠༠ ལས་༥༠,༠༠༠ གི་བར་ན་ བཀལཝ་མ་ཚད་ རྒུད་འཐུས་དེ་ ཚོང་འབྲེལ་གནས་སྟངས་ནང་ ཤིང་གི་གོང་ཚད་གུ་ ལོག་ལྟབ་སྦེ་བཀལཝ་ཨིན་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
གྲོངས་གསེབ་གྱི་ ཤིང་ཆས་ཚུ་ མང་ཤོས་ར་ ཁྲོམ་སྡེ་གོང་འཕེལ་འགྱོ་བའི་བསྒང་ཡོད་མི་རྫོང་ཁག་ བུམ་ཐང་དང་ དབང་འདུས་ཕོ་བྲང་ སྤ་རོ་ ཐིམ་ཕུ་ཚུ་ནང་ ལྷོད་དོ་ཡོད་མི་དེ་ཡང་ ཁྲོམ་སྡེ་ཚུ་ནང་ བཟོ་སྐྲུན་ཡར་འཕར་འགྱོ་ནི་དེ་གིས་ ཤིང་ཆས་ལངམ་སྦེ་ མ་ཐོབ་ནི་དེ་གིས་ འོང་ནི་མས་ཟེར་ཨིན་པས།
གྲོང་གསེབ་ཀྱི་ ཤིང་ཆས་ཚུ་ ཁྲོམ་སྡེ་ཚུ་ནང་ ག་དེ་སྦེ་ ལྷོདཔ་ཨིན་ན?
གྲོང་གསེབ་ཀྱི་ ཤིང་ཆས་ཚུ་ རྫོང་ཁག་གཞན་ཁའི་ གྲོང་གཡུས་ཚུ་ནང་ སྐྱེལ་འདྲེན་འབད་ཆོག་མི་དེ་ཡང་ དཔྱེ་འབད་བ་ཅིན་ བུམ་ཐང་ལས་ སྤ་རོ་ལུ་ འབག་ཆོགཔ་ཨིན་རུང་ ཆོག་ཐམ་དང་འཁྲིལ་ ཤིང་ཆས་ཚུ་ བུམ་ཐང་ལས་ ཚུལ་ལྡན་ཐོག་ འབག་འོང་སྟེ་ ནུབ་མོར་ཐིམ་ཕུ་ལུ་ ཕབ་བཞག་པའི་ཤུལ་ལུ་ ད་རུང་ ཆོག་ཐམ་དེ་གི་ཐོག་ལས་ ཇོ་བདག་གཞན་ཅིག་གི་ ཤིང་ཆས་འབག་སྟེ་སྤ་རོ་ལུ་ སྐྱེལ་དོ་ཡོདཔ་ད་ དེ་བཟུམ་མའི་ ཚུལ་མིན་འཐབ་ནི་ལུ་ བྱ་སྟབས་བདེ་ཏོག་ཏོ་འདུག་ཟེར་ དེད་གཡོགཔ་ཅིག་གིས་ ཁོ་རའི་ཉམས་མྱོང་བཤདཔ་ཨིན་པས།
ད་རུང་ ཞིབ་དཔྱད་སྒོ་ར་ཚུ་ནང་ཡོད་མི་ ནགས་ཚལ་འགོ་དཔོན་ཚུ་དང་ མགུ་མཐུད་དེ་ ཤིང་ཆས་ཚུ་ ཕར་ཚུར་སྐྱེལ་འདྲེན་འབད་ནི་གི་ འོས་འབབ་ཡང་ཡོདཔ་ཨིན་པས།
ཚུལ་མིན་ཐོག་ དེ་བཟུམ་མའི་ སྐྱེལ་འདྲེན་འབད་མི་ ལ་ལུ་ཅིག་ བདའ་ཟུན་དོ་ཡོདཔ་ཨིན་རུང་ ནགས་ཚལ་ལས་ཁུངས་ནང་ མི་སྟོབས་ཉུང་བའི་ཁར་ ལྟ་རྟོག་འབད་བར་ འགྱོ་ནི་གི་ སྐྱེལ་འདྲེན་སྣུམ་འཁོར་ཚུ་ ལངམ་སྦེ་མེདཔ་ལས་ ཚུལ་མིན་བཀག་ཆ་དང་ ལྟ་རྟོག་འབད་ནི་ལུ་ དོ་འགྲན་སྦོམ་བྱུང་སྟེ་ཡོད་ཟེར་ ནགས་ཚལ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ནགས་ཚལ་གླིང་འཛིན་རེའི་ནང་ ཉུང་ཤོས་ས་ཆ་ཀི་ལོ་མི་ཊར་གྲུ་བཞི་༡༠༠ རེ་ཡོད་མི་དེ་ནང་ ལྟ་རྟོག་དང་ ཞབས་ཏོག་སྒྲུབ་མི་ འགོ་དཔོན་༥ དང་༦ དེ་ཅིག་ལས་བརྒལ་མེདཔ་ལས་ ཚུལ་མིན་གྱི་ ལཱ་བྱ་འཐབ་མི་ཚུ་ ལྟ་རྟོག་དང་ བཀག་འཛིན་འབད་ནི་ལུ་ ཁྱབ་མ་ཚུགས་པའི་ དོ་འགྲན་བྱུང་སྟེ་ཡོད་ཟེར་ཨིན་པས།
ཨིན་རུང་ ཚུལ་མིན་ལག་ལེན་ཚུ་ མར་ཕབ་འབད་ཐབས་ལུ་ ནགས་ཚལ་ལས་ཁུངས་ཀྱིས་ འཕྲལ་ཁམས་ཅིག་ཁར་ ནགས་ཚལ་དང་འབྲེལ་བའི་ ཐོན་སྐྱེད་ལོག་སྤྱོད་དང་ ནག་ཚོང་འཐབ་མི་ཚུ་གི་སྐོར་ལས་ སྙན་ཞུ་འབད་མི་དང་འཁྲིལ་ བྱ་ངན་འཐབ་མི་ཚུ་བདའ་ཟུན་པ་ཅིན་ ཉེས་བྱ་ཡོངས་བསྡོམས་ལས་ བརྒྱ་ཆ་༢༥ སྙན་ཞུ་འབད་མི་ལུ་ བྱིན་ནི་དང་ ནགས་ཚལ་ལས་བྱེདཔ་ཚུ་ལུ་ཡང་ ཐོབ་ཁུངས་ཅོག་འཐདཔ་སྦེ་ འཐོབ་ནི་གི་ ལམ་ལུགས་ཅིག་ བཟོ་སྟེ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment