གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གླིང་བཞི་རྫོང་ཉམས་གསོའི་དོན་ལུ་ མ་དངུལ་ས་ཡ་༩༠ དགོཔ།


བཀྲིས་ཕུན་ཚོགས།

༉ ཐིམ་ཕུ་རྫོང་ཁག་གི་ གླིང་བཞི་རྫོང་དེ་ ན་ཧིང་ སྤྱི་ཟླ་༩ པའི་ཚེས་༡༨ ལུ་ ས་ཡོམ་གྱིས་ གནོད་སྐྱོན་སྦོམ་སྦེ་ རྐྱབ་པའི་ཤུལ་ལུ་ ཉམས་གསོ་ཞུ་མ་ཚུགས་པར་ ལུས་ཡོདཔ་ལས་ ད་ལྟོ་ སྲོལ་འཛིན་ལས་ཁུངས་ཀྱིས་ ཉམས་གསོ་ལས་རིམ་ཚུ་ བརྩམ་པའི་བསྒང་ཡོདཔ་ཨིན་པས།

སྔར་ཁྱུན་བཟོ་རིག་སྡེ་ཚན་གྱི་གཙོ་འཛིན་ ནག་མཚོ་རྡོ་རྗེ་གིས་ སླབ་མིའི་ནང་ ས་ཡོམ་གྱིས་ རྫོང་གི་དབུ་རྩེ་དང་ དྲུང་ཁག་བདག་སྐྱོང་ཡིག་ཚང་ དེ་ལས་ བླ་མའི་གཟིམ་ཅུང་ གྲྭ་ཤག་ཚུ་ མེདཔ་བཏང་ཡོདཔ་ལས་ ལས་ཁུངས་ཀྱིས་ ལྷན་རྒྱས་གཞུང་ཚོགས་ལུ་ མ་དངུལ་ས་ཡ་༩༠ དགོ་པའི་ གྲོས་འཆར་བཙུགས་ཏེ་ཡོད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ རྫོང་ཉམས་གསོ་ཞུ་ནིའི་དོན་ལུ་ སྤྱི་ཟླ་༤ པའི་ནང་ ཞལ་འཛོམས་ཅིག་འཚོགས་ཐོག་ལས་ སྲོལ་འཛིན་ལས་ཁུངས་དང་ རྫོང་ཁག་བདག་སྐྱོང་གི་ འགོ་དཔོན་ཚུ་ རྫོང་ལྟ་ཞིབ་འབད་བར་ འགྱོ་ནི་དང་ སྤྱི་ཟླ་༥ པ་ལས་ ཉམས་གསོའི་ལཱ་ཚུ་འགོ་བཙུག་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
ཐིམ་ཕུའི་རྫོང་བདག་ ལྷཔ་རྡོ་རྗེ་གིས་འབད་བ་ཅིན་ རྫོང་ཉམས་གསོའི་ལཱ་དེ་ འདས་པའི་ལོ་ངོ་༧ གི་ཧེ་མ་ལས་ར་ འགོ་བཙུགས་ཡོདཔ་ཨིན་རུང་ ས་གནས་ནང་ གནམ་གཤིས་གནས་སྟངས་ ལེགས་ཤོམ་མེད་མི་ལུ་བརྟེན་ ལཱ་གི་གྲུབ་འབྲས་ ལེགས་ཤོམ་ཐོན་མ་ཚུགསཔ་མ་ཚད་ ཁག་འབགཔ་ཚུ་གིས་ཡང་ ལཱ་དེ་ལུ་ སྤྲོ་བ་མི་བསྐྱེད་པས་ཟེར་ཨིན་པས།
རྫོང་བདག་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༩ དང་༢༠༡༠ ལུ་ ཁག་འབགཔ་ཅིག་གིས་ ལཱ་འགོ་བཙུགས་ཏེ་ ཁག་འབག་གི་ དུས་ཡུན་ཚང་སོང་རུང་ ལཱ་མཇུག་བསྡུ་མ་ཚུགསཔ་ལས་ རྫོང་ཁག་བདག་སྐྱོང་གིས་ ཁག་འབགཔ་གཞན་ལུ་ སྤྲོད་ནི་སྦེ་ རིན་བསྡུར་ནན་བསྐྱར་འབད་ཡོད་རུང་ དང་འདོད་བསྐྱེད་མི་ ཁག་འབགཔ་ཕུད་རྡོག་གཅིག་ཡང་ མ་ཐོན་ཟེར་ཨིན་པས།
རྫོང་ཁག་བཟོ་རིག་འགོ་དཔོན་ རིན་ཆེན་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ རྫོང་ཉམས་གསོའི་དོན་ལུ་ གཞུང་གིས་ མ་དངུལ་ས་ཡ་༤༥ བཞག་ས་ལས་ ཧེ་མའི་ ཁག་འབགཔ་གིས་ ལཱ་དུམ་གྲ་ཅིག་འབད་བའི་ཤུལ་ལུ་ མ་དངུལ་ལྷག་ལུས་ དངུལ་ཀྲམ་ས་ཡ་༣༠ ལྷགཔ་ཅིག་ ལུས་མི་དེ་ ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་ལུ་ ལོག་རྩིས་སྤྲོད་ཅི་ཟེར་ཨིན་པས།
གླིང་བཞི་ལུ་ གྱང་ཤུགས་ཆེ་དྲགས་ནི་དེ་གིས་ སྤྱི་ཟླ་༥ པ་ལས་༧ པ་ཚུན་མ་གཏོགས་ ལཱ་འབད་མི་ཚུགས་དོ་ཡོདཔ་ད་ ས་གནས་ནང་ ཤིང་དང་ རྡོ་ཚུ་ བསྐྱལ་ནི་ལུ་ཡང་ ཉིནམ་༢ རེ་ འགོརཝ་ཨིན་ཟེར་ རིན་ཆེན་ཚེ་རིང་གིས་ སླབ་ཨིན་པས།
ད་རུང་ གླིང་བཞི་དྲུང་ཁག་གི་ མི་སེར་ཚུ་ འཚོ་བ་ལ་ནོར་ལུ་བརྟེན་ཏེ་ སྡོད་མི་ཙང་ཙ་ཨིནམ་ལས་ ལས་མི་ཐོབ་མ་ཚུགས་པའི་ དཀའ་ངལ་ཡང་ སྦོམ་སྦེ་ར་ཡོདཔ་ཨིན་པས།
རྫོང་བདག་གིས་འབད་བ་ཅིན་ ས་ཡོམ་གྱིས་ གནོད་སྐྱོན་རྐྱབ་པའི་ཤུལ་ལུ་ དྲུང་ཁག་བདག་སྐྱོང་ཡིག་ཚང་དེ་ གནས་སྐབས་ཅིག་གི་དོན་ལུ་ གླིང་བཞི་སྒོ་ནོར་ལས་ཁུངས་ཡིག་ཚང་ནང་ སྤོ་བཤུད་འབད་ཡོདཔ་ད་ དགེ་འདུན་གྲྭ་ཚང་དེ་ ནང་པའི་སྨན་བཟོ་སྒྲིང་ཁྱིམ་ནང་ བཞག་སྟེ་ཡོད་ཟེར་ཨིན་པས།
ཨིན་རུང་ ནང་པའི་སྨན་བཟོ་སྒྲིང་ཁྱིམ་དེ་ནང་ བྱ་སྟབས་མ་བདེ་མི་ལུ་བརྟེན་ འཕྲལ་མགྱོགས་ར་ ཁང་ཚན་༣ དེ་ཅིག་ གསརཔ་རྐྱབ་ཐོག་ལས་ དཀའ་ངལ་དེ་ སེལ་ཚུགས་པའི་ རེ་བ་ཡོད་ཟེར་ རྫོང་བདག་གིས་ བཤདཔ་ཨིན་པས།
ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ལྷན་རྒྱས་གཞུང་ཚོགས་ལས་ མ་དངུལ་གྱི་གནང་བ་ ཐོབ་པའི་ཤུལ་ལུ་ དེ་འཕྲོ་ལས་ ཉམས་གསོའི་ལཱ་ཚུ་ འགོ་བཙུག་ནི་ཟེར་ཨིན་པས།
གླིང་བཞི་རྫོང་དེ་ དུས་རབས་༡༦ པའི་ནང་ ཞབས་དྲུང་རིན་པོ་ཆེ་མཆོག་གིས་ བཞེངས་གནང་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment