གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧེ་མ་བཟུམ་སྦེ་ ཤ་ནང་འདྲེན་འབད་མ་ཚུགས་པའི་དཀའ་ངལ།



ཤ་ཁང་ཚུ་གིས་ ཧེ་མ་བཟུམ་སྦེ་ ཤ་བཙོང་མི་ཚུགས་དོ་ཡོདཔ་ཨིན་མས།

བཀྲ་ཤིས་བསྟན་འཛིན།

རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་དཀའ་ངལ་ལུ་བརྟེན་ ཁག་འབགཔ་དང་ སྒེར་སྡེ་ དེ་ལས་ ལས་སྡེ་ཚུ་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུང་པ་གིས་མ་ཚད་ ཤ་ཚོང་འཐབ་མི་ཚུ་ལུ་ཡང་ དཀའ་ངལ་ཡང་བྱུང་སྟེ་ཡོདཔ་ཨིན་པས།

དཔེ་འབད་བ་ཅིན་ བུམ་ཐང་ལུ་ ཤ་ཁང་བསྡོམས་༥ དེ་ཅིག་ ཡོདཔ་ཨིན་རུང་ འདས་པའི་ཟླཝ་ནང་ དུས་བཟང་གི་དོན་ལུ་ ཤ་ཁང་ཚུ་ སྒོ་བསྡམས་བཞག་པའི་ཤུལ་ལས་ ད་རེས་ ཤ་བཀག་དམ་བཏང་ཡོད་རུང་ རུ་པི་གི་དཀའ་ངལ་ལུ་བརྟེན་ ཤ་ནང་འདྲེན་འབད་མ་ཚུགས་པར་ ཤ་ཁང་ཚུ་ སྟོངམ་སྦེ་ར་ ལུས་ཡོདཔ་ཨིན་པས།
ཤ་ཚོང་འཐབ་མི་ དག་པ་ཅིག་གིས་ འདས་པའི་བདུན་ཕྲག་ནང་ ལོག་ཤ་ཁང་སྒོ་ཕྱེ་ཡོད་རུང་ ཤ་ནང་འདྲེན་འབད་ནིའི་དོན་ལུ་ རུ་པི་ཐོབ་མ་ཚུགས་ནི་དེ་གིས་ ཁེ་སང་བཟོ་ནི་ཕར་བཞག་ ཐ་ན་ ཟླ་རིམ་གྱི་ ཁང་གླ་སྤྲོད་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
ལྕམ་མཁར་ཁྲོམ་ཁར་ཡོད་མི་ ར་ཤ་ཁང་གི་ ཇོ་བདག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ར་ རྒྱ་གར་གྱི་ མི་ཁུངས་འབད་ནི་དེ་གིས་ ཤ་ནང་འདྲེན་འབད་ནིའི་དོན་ལུ་ རུ་པི་ཐོབ་མ་ཚུགསཔ་ལས་ འདས་པའི་ཟླཝ་ནང་ ཤ་ཁང་སྒོ་བསྡམས་བཞག་མི་དང་ ད་རེས་ ལོག་སྒོ་ཕྱེ་རུང་ ཤ་བཙོང་ནི་མེདཔ་ལས་ ཟླཝ་༢ ཀྱི་ཁང་གླ་ དངུལ་ཀྲམ་༢༠,༠༠༠ སྤྲོད་མ་ཚུགས་པར་ ཡོད་ཟེར་ཨིན་པས།
ཁོ་གིས་ ཤ་ནང་འདྲེན་འཐབ་ནིའི་དོན་ལུ་ ཅ་དམ་ལས་ཁུངས་ལས་ ནང་འདྲེན་ཆོག་ཐམ་ བཟོ་དགོ་པའི་ཁར་ ཁོ་རའི་ དངུལ་ཁང་གི་ རྩིས་དེབ་ཡང་ ཁ་བསྡམས་ཡོདཔ་ལས་ ཤ་བཏོན་ས་ལུ་ ཏི་རུ་བསྐྱལ་མ་ཚུགས་ནི་དེ་གིས་ ཤ་ཡང་བཏོན་མ་ཚུགས་ཟེར་ཨིནམ་ད་ དེ་ཡང་ ཧེ་མ་འབད་བ་ཅིན་ རྒྱ་གར་གྱི་ས་མཚམས་ ཇའི་སྒང་ལས་ ཤ་བཏོན་པའི་སྐབས་ ཤ་རིན་ཚུ་ དངུལ་ཁང་གི་རྩིས་དེབ་ནང་ བཙུགས་བཞག་དོ་ཡོདཔ་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དངུལ་ཁང་ཚུ་གིས་ ཤ་ཉོ་བའི་རིན་གོང་ཚུ་ རུ་པི་ནང་ སྤྲོད་དགོ་པ་ཅིན་ ཤ་ཉོ་བའི་སྐབས་ཀྱི་ རྩིས་ཁྲ་བཏོན་དགོ་ཟེར་ སླབ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ བསོད་ནམས་ཤ་ཁང་གི་ཇོ་བདག་ བསོད་ནམས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ རུ་པི་གི་ དཀའ་ངལ་ལུ་བརྟེན་ ཁོང་གིས་ ཡོངས་བསྡོམས་རུ་པི་༡༠,༠༠༠ ལས་བརྒལ་ མི་ཐོབ་དོ་ཡོདཔ་ལས་ རྒྱ་གར་ལས་ ཤ་ཚར་རེ་བཏོནམ་ད་ ཉུང་ཤོས་དངུལ་ཀྲམ་འབུམ་༡ ལྷགཔ་རེ་ གནས་དོ་ཡོདཔ་ལས་ ཤ་ནང་འདྲེན་འབད་ནི་ལུ་ དཀའ་ངལ་བྱུངམ་མས་ཟེར་ཨིནམ་ད་ ཁོ་གིས་ཡང་ ལོག་ཤ་ཁང་སྒོ་ཕྱེ་བའི་ཤུལ་ལས་ ཚར་ཅིག་ལས་བརྒལ་ བཏོན་མ་ཚུགསཔ་ཨིན་པས།
ཁོ་གིས་ཡང་ ཧེ་མ་ ཤ་ནང་འདྲེན་འཐབ་པའི་སྐབས་ རྒྱ་གར་གྱི་ ཤ་བཙོང་མི་ཚུ་གིས་ འབྲུག་གི་ དངུལ་ཁང་ཚུ་དང་གཅིག་ཁར་ རྩིས་དེབ་ཡོད་མིའི་ནང་ གཏང་དོ་ཡོདཔ་ལས་ ད་ལྟོ་ སྟབས་མི་བདེ་བས་ཟེར་ཨིནམ་ད་ ཉིནམ་ཨ་རྟག་ར་ ཤ་ཉོ་བར་འོང་མི་ཚུ་ ལོག་བཏང་དོ་ཟེར་ཨིན་པས།
ལྕམ་མཁར་ཁྲོམ་ནང་ ཤ་ཁང་གི་ ལཱ་འབད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཤ་ཉོ་མི་ཚུ་གིས་ མང་ཤོས་ར་ ནོར་ཤ་ཉོ་དོ་ཡོདཔ་ལས་ འདས་པའི་བདུན་ཕྲག་ནང་ ཤ་སྣུམ་འཁོར་ཅིག་ ལྷོད་མི་དེ་ ཉིནམ་༢ ནང་ར་ རྫོགས་སོ་ཡི་ཟེར་ཨིན་པས།
ཨིན་རུང་ ཤ་ཁང་གི་ ཇོ་བདག་ཚུ་གིས་འབད་བ་ཅིན་ ཤུལ་མའི་ཟླཝ་ འགོ་བཙུགས་ཁམས་ལུ་ ཤ་ནང་འདྲེན་འཐབ་ཚུགས་པའི་ རེ་བ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment