![]() |
མེ་གིས་འཇིགས་མི་ སྦ་སྒོར་ཚུ། |
ཚེ་རིང་རྣམ་རྒྱལ།
༉ སྤྱི་ཟླ་༣ པའི་ཚེས་༡༨ ཀྱི་ཕྱི་རུ་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ ཉེ་འདབས་ལུ་ སྦ་སྒོར་༣ མེ་གིས་ ཐལ་བར་བརླགས་བཏང་མི་ལུ་བརྟེན་ སྡོད་གནས་མེདཔ་བཟོ་མི་ བཟའ་ཚང་༡༣ ད་རེས་ནངས་པ་ ཁོང་རའི་སྤུན་ཆ་དང་ ཁྱིམ་ཚང་ཚུ་གི་ཁྱིམ་ནང་ སྡོད་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༡༩ ལུ་ རྫོང་ཁག་རྐྱེན་ངན་འཛིན་སྐྱོང་ཚོགས་པ་གིས་ ཉམས་རྒུད་པ་ཚུ་ལུ་ བཀབ་ནི་གི་ གྱིབ་ཤོག་རེ་དང་ ཐབ་ཚང་གི་ ཉེར་མཁོའི་ཅ་ཆས་ཡོད་མི་ བེག་རེ་བྱིན་ཡོདཔ་མ་ཚད་ ཁ་ཙ་ གཙོ་བསྟེན་སྨན་ཁང་གི་ བདག་སྐྱོང་ཁ་ཐུག་ལས་ གཞི་རྟེན་མཁོ་ཆས་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ བཟའ་ཚང་༣ ལུ་ དངུལ་ཀྲམ་༡༠,༠༠༠ རེ་ བྱིན་ཡོདཔ་ཨིན་པས།
ཉམས་རྒུདཔ་ཚུ་གི་གྲས་ལས་ ཕྱགམ་འཕྱག་མི་ ཨ་ལུ་༢ ཀྱི་ཨའི་ བསོད་ནམས་དཔལ་མོ་དེ་ ད་ལྟོ་ མོང་སྒར་ཁྲོམ་ལས་ ཀི་ལོ་མི་ཊར་༢ དེ་ཅིག་གི་ ས་གནས་རི་ཟླ་བཟང་ལུ་ མོ་རའི་རྨགཔ་གི་ སྤུན་ཆ་ཚུ་དང་གཅིག་ཁར་ སྡོད་དོ་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ མེ་རྐྱེན་གྱི་སྐབས་ ཁྱིམ་ནང་གི་ ཅ་ཆས་ཆ་མཉམ་ འཚིགས་ཡོདཔ་མ་ཚད་ སྐྱིན་འགྲུལ་བཏབ་ནི་སྦེ་ དངུལ་རྐྱང་༢༥,༠༠༠ བཞག་ཡོད་མི་དེ་ཡང་ འཚིགས་སོཔ་ལས་ ཏི་རུ་ལེབ་གཅིག་ཡང་མེད་པར་ མོང་སྒར་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ དཔེ་ཆ་ལྷབ་མི་ མོ་རའི་ཨ་ལུ་༢ ཀྱི་ སྒྲིགས་གོ་ཚུ་ཡང་ ཆ་རོགས་༡ ལས་ དངུལ་ཀྲམ་༣,༠༠༠ བསྐྱི་སྟེ་ ཉོ་བྱིན་ཡི་ཟེར་ཨིན་པས།
བསོད་ནམས་དཔལ་མོ་བཟུམ་སྦེ་ ཉམས་རྒུད་པ་གཞན་༡ གྱི་ཡང་ དངུལ་རྐྱང་༢༥,༠༠༠ དེ་ཅིག་ འཚིགས་ཡོདཔ་སྦེ་ སླབ་ཨིན་པས།
ཉམས་རྒུད་པ་ཚུ་ཡང་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ ཕྱགས་བདར་བ་དང་ སྲུང་རྒྱབ་ དེ་ལས་ ཐབ་ཚང་པའི་ ལཱ་འབད་མི་ཚུ་ཨིན་པས།
རེས་གཟའ་ཟླ་བའི་ཕྱི་རུ་ཆུ་ཚོད་༥.༥༠ དེ་ཅིག་ཁར་བྱུང་མི་ མེ་རྐྱེན་དེ་ གློག་རྒྱུན་ལས་ ཟུན་ཡོད་པའི་ དོགས་པ་ཡོདཔ་ཨིན་རུང་ ཁྲིམས་སྲུང་འགག་པ་གིས་ འཕྲོ་མཐུད་དེ་ར་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།
No comments:
Post a Comment