![]() |
སྣུམ་འཁོར་ཊཱག་ལུ་ སྒུག་སྡོད་མི་ པདྨ་དགའ་ཚལ་གྱི་མི་ཚུ། |
༉ བསམ་གྲུབ་ལྗོངས་མཁར་དང་ པདྨ་དགའ་ཚལ་རྫོང་ཁག་༢ ཀྱི་བར་ན་ མི་མང་སྐྱེལ་འདྲེན་བཱསི་གི་ ཞབས་ཏོག་ཡོདཔ་ཨིན་རུང་ མི་ཚུ་གིས་ ས་གཏེར་རྡོ་དཀར་འབག་མི་ སྣུམ་འཁོར་ཊཱག་ཚུ་ནང་ འགྲོ་འགྲུལ་འབད་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་པས།
དེ་ཡང་ མི་སེར་ཚུ་ རང་སོའི་ཁུར་ཆ་ཚུ་ འབག་ཐོག་ལས་ གཞུང་ལམ་གྱི་ཟུར་ཁར་ སྣུམ་འཁོར་ཊཱག་ཚུ་ལུ་ སྒུག་སྡོད་ས་མཐོངམ་མ་ཚད་ མང་ཤོས་ཅིག་གིས་ རྡོ་དཀར་འབག་མི་ ཊཱག་ཚུ་ དྲོ་མཛར་དང་ ཉིན་མའི་ལྟོ་ཟ་ས་ཚུ་ནང་ སྒུག་སྡོདཔ་ཨིན་པས།
མི་ཚུ་གིས་ ཊཱག་ཚུ་ནང་ འགྲུལ་བསྐྱོད་འབད་ནི་དེ་ བྱ་སྟབས་བདེ་དྲགས་འདུག་ཟེར་ སླབ་མི་དེ་ཡང་ སྐྱེལ་འདྲེན་བཱསི་ཚུ་བཟུམ་སྦེ་ ཐདམ་ཐད་ཁར་ བསྒུག་མ་དགོ་པའི་ཁར་ ཤོག་འཛིན་ཚུ་ཡང་ ལེན་མ་དགོ་མི་ལུ་བརྟེན་ཏེ་ཨིན་པས།
པདྨ་དགའ་ཚལ་ལས་ སྐྱེས་ལོ་༥༠ ལང་མི་ ཀུན་བཟང་གིས་འབད་བ་ཅིན་ མི་མང་སྐྱེལ་འདྲེན་བཱསི་དང་ གླ་འཁོར་ཚུ་ནང་ འགྲུལ་བསྐྱོད་འབད་ནི་ལས་ ཏཱག་ཚུ་ནང་ར་ དྲག་པས་ཟེར་ཨིནམ་ད་ སྐྱེལ་འདྲེན་གྱི་ གླ་ཆ་འབད་རུང་ ཉུང་སུ་ཅིག་ལས་ སྤྲོད་མ་དགོ་པའི་ཁར་ རེ་ཚེ་སྐབས་ རིན་མེད་སྟོང་པར་ འབག་བྱིན་མི་ཡང་ ཐོན་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཊཱག་ཚུ་གིས་ མི་༤ ཤོང་བའི་ས་གོ་ལུ་ གླ་ཆ་དངུལ་ཀྲམ་༨༠ ལས་༡༠༠ གི་བར་ན་མ་གཏོགས་ མི་ལེན་དོ་ཡོདཔ་ད་ གླ་འཁོར་ནང་འབད་བ་ཅིན་ དངུལ་ཀྲམ་༥༠༠ ལས་༧༠༠ གི་བར་ན་ སྤྲོད་དགོཔ་མ་ཚད་ བཱསི་ནང་ཡང་ དངུལ་ཀྲམ་༡༠༨ དེ་རེ་ སྤྲོད་དགོཔ་ཨིན་པས།
ཀུན་བཟང་གིས་ སླབ་མིའི་ནང་ རྫོང་ཁག་༢ ཀྱི་བར་ན་ སྐྱེལ་འདྲེན་བཱསི་གི་ ཞབས་ཏོག་དེ་ བདུན་ཕྲག་རེ་ནང་ ཚར་༡ དང་༢ རེ་ མ་གཏོགས་མེདཔ་ལས་ ཁུངས་མིན་འདུག་ཟེར་ཨིནམ་ད་ ས་གནས་ནང་ རྡོ་དཀར་སྐྱེལ་འདྲེན་གྱི་དོན་ལུ་ ཊཱག་༢༠༠ དེ་ཅིག་ ཨ་རྟག་ར་ འགྲུལ་བསྐྱོད་འབད་དོ་ཡོདཔ་ཨིན་པས།
མ་གཞི་ མི་མང་ཤོས་ཅིག་གིས་ ཊཱག་ཚུ་ ཤུགས་སྦེ་བཏངམ་མས་ཟེར་ སླབ་དོ་ཡོདཔ་ཨིན་རུང་ མི་སེར་ཚུ་གིས་ འཚེར་སྣང་མེད་པར་ ཊཱག་ཚུ་ནང་ར་ འགྲོ་འགྲུལ་འབད་བའི་ ལམ་ལུགས་དེ་ ལོ་ངོ་བཅུ་ཕྲག་གི་ཧེ་མ་ལས་ གནས་ཡོདཔ་བཞིན་དུ་ ས་གནས་ནང་ གཏེར་ཁ་རྡོ་དཀར་ཚུ་ མ་རྫོགས་ཚུན་ཚོད་ དེ་སྦེ་ར་ གནས་ནི་བཟུམ་ཅིག་སྦེ་ར་ མཐོངམ་ཨིན་པས།
སྤྱི་ལོ་༡༩༩༠ གོ་གྲངས་ནང་ གཞུང་གིས་ སྐྱེལ་འདྲེན་བཱསི་གི་ ཞབས་ཏོག་ཅིག་ བཙུགས་མི་དེ་གིས་ འགྲུལ་པ་ལངམ་མེད་མི་ལུ་བརྟེན་ མཐར་འཁྱོལ་མ་བྱུངམ་ལས་ ན་ཧིང་ སྤྱི་ཟླ་༡༡ པ་དེ་ཅིག་ལས་ འགོ་བཙུགས་མི་ འབྲུག་སྐྱེལ་འདྲེན་ཞབས་ཏོག་དེ་ རེ་ཚེ་སྐབས་ འགྲུལ་པ་ཕུད་རྡོག་གཅིག་ཡང་མེད་པར་ འགྲུལ་བསྐྱོད་འབད་བཞིན་དུ་ཡོདཔ་ཨིན་པས།
ངང་ལམ་གྱི་ ཁག་འབགཔ་ཅིག་གི་ཨིན་མི་ བཱསི་དེ་གིས་ བསམ་གྲུབ་ལྗོངས་མཁར་དང་ ངང་ལམ་གྱི་བར་ན་ཡང་ བདུན་ཕྲག་རེ་ལུ་ ཚར་༢ རེ་ འགྲུལ་བསྐྱོད་འབད་དོ་ཨིན་པས།
དབུགས་འགམ་སྡོད་མི་ འབྲུག་སྐྱེལ་འདྲེན་ཞབས་ཏོག་གི་ཇོ་བདག་ ཉི་མ་དོན་གྲུབ་ཀྱིས་ སླབ་མིའི་ནང་ ས་གནས་ཀྱི་ མི་སེར་ཚུ་ སྤྱང་ཀ་འབད་ནི་དེ་གིས་ གླ་ཆ་སྤྲོད་མ་ཚུགསཔ་ཨིན་ན་ ཡང་ཅིན་ བཱསི་ནང་ འགྲོ་འགྲུལ་འབད་ནི་ལུ་ སྤྲོ་བ་མེདཔ་ཨིན་ན་ བལྟ་ནིའི་དོན་ལུ་ ཤུལ་མའི་ཟླ་༡ གི་རིང་ པདྨ་དགའ་ཚལ་དང་ བསམ་གྲུབ་ལྗོངས་མཁར་གྱི་བར་ན་ ཞབས་ཏོག་དེ་ རིན་མེད་སྟོང་པར་ བྱིན་ནི་སྦེ་ ཐག་བཅད་དེ་ཡོད་ཟེར་ཨིན་པའི་གནས་ཚུལ།
No comments:
Post a Comment