གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙོག་མཛོད་ཁབ་ཏོག་མེད་མི་གིས་ སློབ་ཕྲུག་ཚུ་ལུ་ཉེན་ཁ།


པདྨ་ཆོས་སྒྲོན།

པདྨ་དགའ་ཚལ་ཁོ་ཐག་པ་ལུ་ འབྲུག་ས་གཏེར་གྱི་ ལས་གཡོགཔ་ཚུ་སྡོད་སའི་ བཙོག་མཛོད་དེ་ ཁབ་ཏོག་མ་བཅད་པར་བཞག་ཡོད་མི་ལུ་བརྟེན་ ས་གནས་ནང་ སྡོད་མི་ཚུ་དང་ སློབ་གྲྭའི་ཨ་ལུ་ཚུ་ལུ་ ཉེན་ཁ་ཡོདཔ་ཨིན་པས།
ཁོ་ཐག་པ་མི་སྡེ་སློབ་གྲྭ་ཆུང་བ་དེ་ པདྨ་དགའ་ཚལ་ཁྲོམ་ལས་ ཀི་ལོ་མི་ཊར་༡༠ གྱི་ས་ཁར་ཡོད་པའི་ཁར་ བཙོག་མཛོད་ཡོད་ས་ལས་ དུས་ཡུན་སྐར་མ་༢ ལས་བརྒལ་ ལམ་འགྱོ་མ་དགོཔ་ཨིན་པས།


ལས་གཡོགཔ་ཚུ་གི་ སྒྲིང་ཁྱིམ་འོག་ལུ་ཡོད་མི་ བཙོག་མཛོད་དེ་ མཐའ་འཁོར་ཚལ་མ་གིས་ སྤུར་ཡོད་པའི་ཁར་ བཙོག་ཆུ་དང་ རག་རོ་ཚུ་གིས་གང་སྟེ་ཡོདཔ་ལས་ ཁབ་ཏོག་མེད་རུང་ ས་ཆ་ཁོད་སྙོམས་ཏོག་ཏོ་སྦེ་ མཐོང་དོ་ཡོདཔ་ལས་ མི་སྦོམ་དང་ ཨ་ལུ་ཚུ་ བཙོག་མཛོད་ནང་ འཛུལ་འགྱོ་ནི་གི་ ཉེན་ཁ་ཡོདཔ་ཨིན་པས།
ཁོ་ཐག་པ་ མི་སྡེ་སློབ་གྲྭ་ཆུང་བའི་ དབུ་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ མ་གཞི་ ད་ལྟོ་ཚུན་ཚོད་ བཙོག་མཛོད་ནང་ ཨ་ལུ་བུད་བུདཝ་མེད་རུང་ བཙོག་མཛོད་དེ་ སློབ་གྲྭའི་ཉེ་འདབས་ལུ་འབད་ནི་དེ་གིས་ ལམ་འགྱོ་བའི་ཞོར་ཁ་ འབུད་འགྱོ་ནི་གི་ ཉེན་ཁ་སྦོམ་རང་འདུག་ཟེར་ཨིན་པས། 
ཁོ་གིས་ ཨ་ལུ་ཚུ་ལུ་ ཨ་རྟག་ར་ ཕར་ཚུར་འགྱོ་བའི་སྐབས་ ཟབ་ཟབ་འབད་དགོ་པའི་སྐོར་ལས་ དྲན་བསྐུལ་འབད་བཞིན་དུ་ཡོད་རུང་ ཆརཔ་རྐྱབ་པའི་སྐབས་ འགྱེལ་ཏ་རྐྱབ་འགྱོ་ནི་གི་ ཉེན་ཁ་ཡོདཔ་ལས་ བཙོག་མཛོད་ཡོད་སའི་ མཐའ་སྐོར་ ར་བ་གིས་ བསྒོར་བཞག་རུང་བཏུབ་པས་ཟེར་ཨིན་པས།
ས་གནས་ནང་སྡོད་མི་ བསོད་ནམས་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ གལ་སྲིད་ བཙོག་མཛོད་དེ་ བཅོས་ཁ་མ་རྐྱབ་པར་ དེ་སྦེ་ར་ བཞག་པ་ཅིན་ སློབ་གྲྭའི་མཐའ་འཁོར་གནས་སྟངས་དང་ སློབ་ཕྲུག་ཚུ་གི་ གཟུགས་ཁམས་འཕྲོད་བསྟེན་ལུ་ཡང་ གནོད་ཉེད་ཡོདཔ་ལས་ ཁོ་གིས་ གནད་དོན་དེ་གི་སྐོར་ལས་ རྫོང་ཁག་མཐའ་འཁོར་གནས་སྟངས་འགོ་དཔོན་ལུ་ སྙན་ཞུ་འབད་ཡོད་རུང་ ག་ཅི་ཡང་ འབད་ནི་མིན་འདུག་ཟེར་ཨིན་པས།
ད་རུང་ ས་གནས་ཀྱི་ མི་ཚུ་གིས་ བཙོག་མཛོད་རྐྱངམ་གཅིག་མེན་པར་ ཕྱགས་སྙིགས་རག་རོ་ཚུ་ཡང་ བཀོ་ནི་འགོ་བཙུགས་ཡོདཔ་ཨིན་པས།
རྫོང་ཁག་མཐའ་འཁོར་གནས་སྟངས་འགོ་དཔོན་ རིན་ཆེན་དཔལ་འབྱོར་གྱིས་འབད་བ་ཅིན་ བཙོག་མཛོད་དེ་གི་སྐོར་ལས་ སློབ་གྲྭ་དང་ ས་གནས་ནང་སྡོད་མི་ཚུ་གིས་ ངག་ཐོག་ལས་ ཉོགས་བཤད་བཀོད་ཡོདཔ་ལས་ ཡིག་ཐོག་ལུ་ བཀོད་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment