ཤེས་རབ་བསྟན་འཛིན།
![]() |
སྤྱི་ལོ་༢༠༠༨ ལུ་སློངས་ཏེ་ ནང་གཟུངས་བཏོན་འབག་མི་ བུམ་ཐང་ཕོམ་རོང་གི་བྱང་ཆུབ་མཆོད་རྟེན། |
༉ ཁྲིམས་སྲུང་འགག་པའི་ ཐོ་བཀོད་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༩ ལས་༢༠༡༡ ཚུན་ཚོད་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་ མཆོད་རྟེན་༣༥༤ སློངས་ཡོདཔ་ད་ དེ་ཚུ་གི་གྲས་ལས་ མཐོ་ཤོས་ར་ བཀྲ་ཤིས་སྒང་རྫོང་ཁག་ནང་ མཆོད་རྟེན་༡༡༣ སློངས་ཡོདཔ་སྦེ་ ཐོ་བཀོད་འབད་ནུག།
དེ་གི་འོག་ལས་ར་ མོང་སྒར་རྫོང་ཁག་ནང་༣༤ དང་ ཐིམ་ཕུ་ལུ་༢༢ པདྨ་དགའ་ཚལ་ལུ་༢༧ ལྷུན་རྩེ་ལུ་༡༩ བཀྲིས་གཡང་རྩེ་དང་ བསམ་གྲུབ་ལྗོང་མཁར་ལུ་༡༦ རེ་ སློངས་ཡོདཔ་ཨིན་པས།
དེ་ལས་ བུམ་ཐང་རྫོང་ཁག་ནང་ མཆོད་རྟེན་༡༨ དང་ ཀྲོང་གསར་དང་ གཞལམ་སྒང་ལུ་༩ རེ་ དབང་འདུས་ཕོ་བྲང་ལུ་༢༠ སྤུ་ན་ཁ་ལུ་༦ ཆུ་ཁ་ལུ་༩ སྤ་རོ་ལུ་༡༤ མགར་ས་ལུ་༥ ཧཱ་ལུ་༡ རྩི་རང་ལུ་༢ དེ་ལས་ དར་དཀར་ནང་ལུ་༡༤ སློངས་ནུག།
སྲོལ་འཛིན་ལས་ཁུངས་ཀྱི་ སྔར་ཁྱུན་བཟོ་རིག་ཉམས་གསོ་སྡེ་ཚན་ ་གྱི་གཙོ་འཛིན་ ནག་མཚོ་རྡོ་རྗེ་གིས་ སླབ་མིའི་ནང་ མི་ངན་ཚུ་གིས་ རྒྱལ་ཁབ་ནང་ མཆོད་རྟེན་སློངས་ཏེ་ བསྟན་པ་ལུ་ ཐོ་བཀལ་མི་གིས་མ་ཚད་པར་འདས་པའི་ལོ་ངོ་ཚུ་ནང་ རང་བཞིན་གྱི་ རྐྱེན་ངན་ཚུ་ལུ་བརྟེན་ ལྷ་ཁང་དང་ དགོན་སྡེ་ལེ་ཤ་ཅིག་ལུ་ གནོད་སྐྱོན་ཚུ་ བྱུང་ཡོད་རུང་ ད་ལྟོའི་བར་ན་ཡང་ ཉམས་གསོ་ཞུ་མ་ཚུགས་པར་ཡོདཔ་ལས་ ད་ལས་ཕར་ མཆོད་རྟེན་དང་ ལྷ་ཁང་དགོན་སྡེ་ གསར་བཞེངས་ཚུ་ དམ་འཛིན་འབད་དེ་ཡོད་ཟེར་ཨིན་པས།
དེ་བཟུམ་མའི་ དམ་འཛིན་འབད་དགོ་པའི་ གནད་དོན་གཞན་དེ་ མི་གིས་ འཕྲལ་སྐབས་ཅིག་གི་དོན་ལུ་ མ་དངུལ་གྲོགས་རམ་ཚུ་ཐོབ་ད་ ལྷ་ཁང་དང་དགོན་སྡེ་ དེ་ལས་ མཆོད་རྟེན་ཚུ་ གསར་བཞེངས་འབད་བའི་ཤུལ་ལུ་ ཉམས་ཆག་ཤོར་བའི་སྐབས་ ཉམས་གསོ་ཞུ་མི་ གཞུང་མ་གཏོགས་ གཞན་མེད་མི་ལུ་བརྟེན་ཏེ་ཨིན་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ལོ་རེ་ལུ་ ལྷ་ཁང་དགོན་སྡེ་དང་ མཆོད་རྟེན་གསར་བཞེངས་ཀྱི་དོན་ལུ་ ཞུ་ཡིག་བཙུགས་མི་༢༠ དང་༣༠ གི་བར་ན་ འཐོནམ་མས་ཟེར་ཨིན་པས།
ད་ཚུན་གྱི་བར་ན་ ནང་གཟུངས་སློངས་འབག་མི་ མཆོད་རྟེན་མང་ཤོས་ར་ མི་ཚུ་སྡོད་སའི་ཁྱིམ་ལས་ ཐག་རིང་སའི་ ས་གནས་ཚུ་ནང་ ཡོད་མི་ཚུ་ཨིནམ་ད་ དེ་ཡང་ མི་སྡེ་ཚུ་གིས་ བདག་མེད་སྦེ་ བཞག་མི་ལུ་བརྟེན་ཏེ་ ཨིནམ་བཟུམ་ཅིག་འདུག་ཟེར་ ནག་མཚོ་རྡོ་རྗེ་གིས་ སླབ་ཨིན་པས།
མོ་གིས་འབད་བ་ཅིན་ ལོ་ངོ་༡༠༠ ལྷག་པའི་ ལྷ་ཁང་དགོན་སྡེ་དང་ མཆོད་རྟེན་ཚུ་ འགངས་ཅན་གྱི་ གྲས་ཁར་ཚུདཔ་ལས་ གལ་སྲིད་ ཉམས་ཆག་ཤོར་བ་ཅིན་ གཞུང་གི་ཁ་ཐུག་ལས་ རྒྱབ་སྐྱོར་འབད་དགོཔ་འཐོནམ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ ལོ་༥༠ མན་ཆད་འབད་མི་ཚུ་གི་དོན་ལུ་ཡང་ ཉམས་བཅོས་ཀྱི་ མ་དངུལ་ཚུ་ གཞུང་གིས་ གནང་དོ་ཡོདཔ་ཨིན་རུང་ ཉམས་གསོའི་ལཱ་ཚུ་ རྫོང་ཁག་ཚུ་གིས་ འགན་ཁག་འབག་སྟེ་འབད་དགོཔ་ལས་ ལོ་རེ་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༥ དེ་རེ་བཏང་དོ་ཟེར་ཨིན་པས།
ཐོ་བཀོད་དང་འཁྲིལཝ་ད་ ད་རེས་ནངས་པ་ རྒྱལ་ཁབ་ནང་ ལྷ་ཁང་དང་ མཆོད་རྟེན་༡༠,༠༠༠ དེ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།
No comments:
Post a Comment