ཆོས་སྡེའི་གཙོ་འཛིན་ཚུ་གིས་འབད་བ་ཅིན་ གཞུང་ལས་ མ་དངུལ་གནང་གནངམ་མེད་མི་ཚུ་ལུ་ རྩིས་ཞིབ་འབད་ནི་གི་ འོས་འབབ་མིན་འདུག་ཟེར་ཨིན་མས།
![]() |
ཆོས་སྡེའི་གཙོ་འཛིན་ཚུ་གིས་ གྲོས་བསྡུར་གནང་པའཡི་བསྒང་། |
བསྟན་འཛིན་རྣམ་རྒྱལ།
༉ ད་ལས་ཕར་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ཆོས་སྡེ་ཁག་སོ་སོའི་ ལོ་བསྟར་གྱི་ རྩིས་ཞིབ་འབད་ནི་ཟེར་མི་ལུ་ ཆོས་སྒོར་ཞུགས་མི་ ལ་ལུ་ཅིག་ལུ་ ཐུགས་དང་མ་ལྡན་མི་དེ་ཡང་ འབྲུག་གི་ཆོས་སྡེའི་བཅའ་ཁྲིམས་ དོན་ཚན་༨༨ པ་དང་འཁྲིལཝ་ད་ ཆོས་སྡེ་ཚུ་གི་ མ་དངུལ་འབྱུང་ཁུངས་དང་ དངུལ་འབྲེལ་གྱི་ བརྡ་དོན་ཚུ་ཡང་ གསལ་བསྒྲགས་འབད་དགོ་ཟེར་ གསལ་བཀོད་འབད་ཡོད་ནི་དེ་གིས་ཨིན་པས།
ཨིན་རུང་ ཆོས་སྡེ་ཚུ་གིས་འབད་བ་ཅིན་ ལོ་བསྟར་གྱི་ རྩིས་ཞིབ་འབད་ནི་དེ་ འོས་འབབ་མེད་མི་དེ་ཡང་ གཞུང་ལས་གནང་གནངམ་མེད་པའི་ མ་དངུལ་ལུ་ རྩིས་ཞིབ་འབད་བ་ཅིན་ གཞི་རྟེན་ཐོབ་དབང་ལུ་ གནོད་ནི་མས་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་ ཨྱོན་ཕུན་ཚོགས་ཆོས་འཁོར་གྲྭ་ཚང་གི་བླམ་ ཚེ་རིང་དོན་གྲུབ་ཀྱིས་འབད་བ་ཅིན་ གཞུང་གྲྭ་ཚང་གི་འོག་ལུ་མ་ཚུད་པའི་ དགོན་སྡེ་དང་གྲྭ་ཚང་ དེ་ལས་ ལྷ་ཁང་ཚུ་ལུ་ གཞུང་གི་ཧོངས་ལས་ མ་དངུལ་གྲོགས་རམ་གནང་གནངམ་མེད་པའི་ཁར་ ལོ་བསྟར་གྱི་ རྩིས་ཞིབ་འབད་ནི་ཟེར་མི་དེ་ འོས་འབབ་མིན་འདུག་ཟེར་ཨིནམ་ད་ གལ་སྲིད་ གཞུང་ལས་གནང་མི་ མ་དངུལ་ཚུ་ཨིན་པ་ཅིན་ རྩིས་ཞིབ་འབད་རུང་ མ་བཏུབ་མིན་འདུག་ཟེར་ཨིན་པས།
ད་རུང་ ཆོས་སྡེའི་གཙོ་འཛིན་གཞན་ཅིག་གིས་ རང་སྐྱོང་ཆོས་སྡེ་ཚུ་ རྩིས་ཞིབ་འབད་ནི་ཨིན་པ་ཅིན་ སྒེར་སྡེའི་ནང་ལཱ་འབད་མི་ཚུ་ཡང་ འབད་དགོཔ་འདུག་ཟེར་ བཤད་མི་དེ་ཡང་ ཆོས་སྡེ་ཚུ་དང་ཕྱདཔ་ད་ སྒེར་གྱི་ལས་སྡེ་དང་ ཁག་འབགཔ་ དེ་ལས་ བཟོ་གྲྭ་ཁང་ཚུ་ལུ་ མ་དངུལ་འབོར་ཆེ་ཏོག་ཏོ་ཡོད་པའི་ཁར་ ཆོས་སྡེ་ཚུ་ནང་ མ་དངུལ་དུམ་གྲ་རེ་ཡོད་རུང་ དུས་རྒྱུན་གྱི་ དགེ་སློང་དང་ སྒོམ་ཆེན་ དེ་ལས་ ཨ་ནེམོ་ཚུ་ གསོ་དགོཔ་འཐོནམ་མས་ཟེར་ཨིན་པས།
ཨིན་རུང་ སྤྱི་ཟླ་༣ པའི་ཚེས་༢༤ ལུ་ ཆོས་སྡེའི་གཙོ་འཛིན་ཚུ་གི་ ཞལ་འཛོམས་ཉིནམ་༢ པའི་ནང་ ལོ་བསྟར་གྱི་ རྩིས་ཞིབ་དེ་ སྤྱིར་བཏང་གི་ རྩིས་ཞིབ་བཟུམ་མེན་པར་ ཞལ་འདེབས་ཀྱི་ ཐོ་དེབ་དང་ རྩིས་ཁྲ་ཚུ་ བཞག་མ་བཞག་ དབྱེ་ཞིབ་འབད་ནི་དང་ དངུལ་ཕོགས་ཚུ་ སྤྲོད་མ་སྤྲོད་བལྟ་ནི་ ཁྲལ་ཚུ་ འོང་འབབ་དང་ ཅ་དམ་ཀྱི་བཅའ་ཁྲིམས་དང་འཁྲིལ་ བཏབ་མ་བཏབ་བལྟ་ནི་ དེ་ལས་ སྔོན་བྱིན་ཚུ་ རྩིས་ལོ་མཇུག་བསྡུཝ་ད་ རྩིས་ཁ་སྙོམས་མ་སྙོམས་ཞིབ་དཔྱད་འབད་ནི་ཟེར་ གསལ་བཤད་འབད་ཡོདཔ་ཨིན་པས།
དེ་འབདཝ་ད་ དེ་བཟུམ་མའི་ རྩིས་ཞིབ་ལམ་ལུགས་དེ་ ཆོས་སྡེ་ག་རའི་ནང་ ཤོ་མཚུངས་སྦེ་ ལག་ལན་འཐབ་མི་ཚུགས་ནི་ཨིནམ་ད་ དེ་ཡང་ མཐའ་ཟུར་གྱི་ ཆོས་སྡེ་ལ་ལུ་ཅིག་ནང་ ཞལ་འདེབས་དང་ སྔོན་བྱིན་གྱི་ གྲོགས་རམ་འཐོབ་ནི་མེད་པའི་ཁར་ ཆོས་སྡེ་མང་ཤོས་ཅིག་གི་ གཙོ་འཛིན་དང་ གྲྭ་པ་ཚུ་ལུ་ ཟླ་རིམ་གྱི་ དངུལ་ཕོགས་དང་ ལྟོ་ཕོགས་འཐོབ་ནི་མེདཔ་ཨིན་པས།
ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་གིས་ ལོ་བསྟར་གྱི་ རྩིས་ཞིབ་དེ་ ཕྱིའི་རྒྱལ་ཁབ་དང་ ནང་འཁོད་ལས་ ཞལ་འདེབས་ཐོབ་མི་ཚུ་ ཚུལ་མཐུནམ་སྦེ་ ལག་ལེན་འཐབ་མ་འཐབ་ དབྱེ་ཞིབ་འབད་ནི་ཟེར་ གསུངས་ཡོདཔ་ད་ དེ་ཡང་ གཙོ་འཛིན་ལ་ལུ་གིས་ མི་མང་གི་ མ་དངུལ་ཚུ་ ལོག་སྤྱོད་འབད་ནི་གི་ ཉེན་ཁ་ཡོད་པའི་ཁར་ ད་རེས་ནངས་པ་ ཆོསཔ་མང་ཤོས་ཅིག་གིས་ ལྷ་ཁང་དང་དགོན་སྡེ་བཞེངས་ནི་ཟེར་ ཕྱི་ཁ་ལས་ ཞལ་འདེབས་དང་ གྲོགས་རམ་འཚོལ་ཏེ་ སྒེར་ལཱ་ཚུ་ནང་ ཟད་འགྲོ་བཏང་མི་ཡང་འདུག་ཟེར་གསུངས་ཡི།
ཆོས་སྡེའི་སྐུ་ཚབ་ལ་ལུ་ཅིག་གིས་འབད་བ་ཅིན་ ཆོས་སྡེ་ལ་ལུ་ཅིག་ནང་ མ་དངུལ་བདག་འཛིན་འབད་མི་ ཚོགས་པ་མེདཔ་ལས་ མི་མང་གི་ མ་དངུལ་ཚུ་ གཙོ་འཛིན་བླམ་ཚུ་གིས་ བདག་འཛིན་འབད་ནི་ཡོད་པའི་ཁར་ ཆོས་སྡེ་ལ་ལུ་ནང་ མ་དངུལ་བདག་འཛིན་འབད་མི་ ཚོགས་པ་ཡོད་རུང་ འཛིན་སྐྱོང་འབད་ནིའི་ དབང་ཚད་མེད་མི་ཡང་ འོང་སྲིད་ནི་ཨིནམ་ལས་ རྩིས་ཞིབ་འབད་དགོཔ་ཁག་ཆེ་བས་ཟེར་ཨིན་པའི་གནས་ཚུལ།
No comments:
Post a Comment