![]() |
བྱ་དཀར་རྫོང་། |
བཀྲ་ཤིས་བསྟན་འཛིན།
༉ བུམ་ཐང་ བྱ་དཀར་རབ་སྡེ་གྲྭ་ཚང་ གཞི་བཙུགས་འབད་དེ་ ལོ་ངོ་༡༤ དེ་ཅིག་ ལང་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ ལོ་བསྟར་གྱི་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ལུ་ འཆམ་ཆས་ཚུ་ ལངམ་སྦེ་མེད་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
རབ་སྡེའི་བླམ་གནས་བརྟན་ དཔལ་ལྡན་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་ཁག་གི་དོན་ལུ་ གཞན་འཆམ་ཆས་ཚུ་ ཧ་ལམ་ མཁོ་སྒྲུབ་འབད་ཚར་རུང་ རིགས་ལྔ་བཅུ་དྲུག་འཆམ་གྱི་དོན་ལུ་ རིན་ཐང་ཆེ་བའི་རྒྱུ་ཆས་ཚུ་ དགོ་ནི་དེ་གིས་ རྫོང་ཁག་གི་ ལོ་བསྟར་ཚེས་བཅུའི་སྐབས་ལུ་ ཀྲོང་གསར་རྫོང་ནང་ལས་བརྙ་སྟེ་ ལག་ལེན་འཐབ་དགོཔ་ བྱུངམ་མས་ཟེར་ཨིན་པས།
བླམ་གནས་བརྟན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ རིགས་ལྔ་བཅུ་དྲུག་འཆམ་གྱི་དོན་ལུ་ རི་རྒྱན་ཆ་ཚང་རེ་ མཁོ་སྒྲུབ་འབདཝ་ད་ ཧ་ལམ་ དངུལ་ཀྲམ་འབུམ་༡ ལྷགཔ་རེ་ གནས་དོ་ཡོདཔ་ལས་ འཆམ་རྐྱབ་མི་༡༦ འབདཝ་ད་ དེ་གི་དོན་ལུ་ དངུལ་ཀྲམ་འབུམ་༡༦ ལྷགཔ་ཅིག་ གནས་ནི་ཨིནམ་ལས་ ཉོ་མ་ཚུགས་པར་ ལུས་སོ་ཡི་ཟེར་ཨིན་པས།
དེ་མ་ཚད་ རིགས་ལྔ་བཅུ་དྲུག་འཆམ་གྱི་དོན་ལུ་ ཐོབ་པར་དཀའ་བའི་ ནོར་བུའི་བྱེ་བྲག་ གླངམོ་ཆེ་གི་ མཆེཝ་དགོ་ནི་དེ་གིས་ རྫོང་ཁག་ལས་ མ་དངུལ་གྱི་རྒྱབ་སྐྱོར་ ཞུ་ནིའི་བསམ་འཆར་ཡོད་རུང་ མ་དངུལ་འབོར་ཆེ་དྲགས་སྦེ་ གནས་ནི་ཨིནམ་ལས་ ག་དེ་སྦེ་གནང་ཚུགས་ག་མནོ་བའི་ དོགས་པ་ཡོད་ཟེར་ཨིན་པས།
འཆམ་གོ་བཙེམ་ནིའི་དོན་ལུ་ རྒྱུ་གོས་ཆེན་དགོ་པའི་གུ་ གླངམོ་ཆེ་གི་ མཆེཝ་ཡང་དགོཔ་ལས་ ཉོ་ཚུགས་པར་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིན་པས།
བླམ་གནས་བརྟན་གྱིས་ སླབ་མིའི་ནང་ རིགས་ལྔ་བཅུ་དྲུག་འཆམ་གྱི་ འཆམ་ཆས་དོན་ལུ་ འཐོབ་ཚུགས་པ་ཅིན་ མཆེཝ་ལག་ལེན་འཐབ་ནི་གི་ རེ་བ་ཡོད་མི་དེ་ གཙོ་བོ་ར་ མཆེཝ་དེ་ ནོར་བུའི་བྱེ་བྲག་ཨིན་པའི་ཁར་ འཆམ་གོ་གཅིག་གི་དོན་ལུ་ མཆེཝ་གི་སྦོམ་ཆུང་དང་འཁྲིལ་ཏེ་ ཉུང་ཤོས་མཆེཝ་རེ་ དགོཔ་ཨིན་ཟེར་ཨིན་པས།
འཆམ་ཆས་ཚུ་ འབྲུག་ལུ་བཟོ་མི་མེདཔ་ལས་ དེ་བཟོ་ནིའི་དོན་ལུ་ རྒྱ་གར་གྱི་ས་གནས་ ཝཱ་རཱ་ཎ་སི་ལུ་ འགྱོ་དགོ་ནི་ཨིནམ་ལས་ ད་ལྟོ་ གོང་ཚད་ག་དེམ་ཅིག་ གནས་ནི་ཨིན་ན་ གཏན་འཁེལ་སྦེ་ སླབ་མ་ཤེས་རུང་ བསྡོམས་ཀྱིས་ དངུལ་ཀྲམ་འབུམ་༡༦ དེ་ཅིག་ གནས་ནི་མས་ཟེར་ བླམ་གནས་བརྟན་གྱིས་ བཤདཔ་ཨིན་པས།
འཆམ་ཆས་ཚུ་ མཆེཝ་བཙུགས་ཏེ་ བཟོ་དགོ་ནི་དེ་གིས་ འཆམ་ཆས་ཆ་ཚང་རེ་ལུ་ ལྗིད་ཚད་ཀེ་ཇི་༣ དེ་རེ་ ཐོན་དོ་ཡོདཔ་ཨིན་པས།
བླམ་གནས་བརྟན་ དཔལ་ལྡན་དབང་ཕྱུག་གིས་ སླབ་མིའི་ནང་ ཨ་རྟག་ར་ ལོ་བསྟར་ཚེས་བཅུའི་སྐབས་ལུ་ རིགས་ལྔ་བཅུ་དྲུག་འཆམ་གྱི་ འཆམ་ཆས་ཚུ་ ཀྲོང་གསར་རྫོང་ནང་ལས་ར་ བརྙ་དགོཔ་ད་ལུ་ བྱ་སྟབས་མ་བདེ་བའི་ དཀའ་ངལ་ཚུ་ བྱུང་བའི་ཁར་ བདག་འཛིན་འཐབ་ནི་ཡང་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
ཚེས་བཅུ་སྐབས་ཀྱི་ འཆམ་གཞན་གྱི་དོན་ལས་ འཆམ་ཆས་ཚུ་ མཁོ་སྒྲུབ་འབདཝ་ད་ ཟད་འགྲོ་རྒྱ་ཆེཝ་སྦེ་ མ་གནས་ནི་དེ་གིས་ ད་ལྟོ་ཚུན་ རྫོང་ཁག་གི་ཁ་ཐུག་ལས་ མ་དངུལ་གྱི་ རྒྱབ་སྐྱོར་འབད་བཞིན་དུ་ཡོད་ཟེར་ ཨིན་པའི་གནས་ཚུལ།
No comments:
Post a Comment