ད་ཚུན་གྱི་བར་ན་ དོགས་པ་ཅན་༣ འཛིན་བཟུང་འབད་ཡོདཔ་ཨིན་པས།
![]() |
ཨར་རྐུན་ཤོར་མི་ རོང་ཐུང་སྣག་ཚང་། |
༉ འཕྲལ་ཁམས་ཅིག་ཁར་ བཀྲིས་སྒང་ རོང་ཐུང་སྣག་ཚང་ནང་ལས་ཅ་དངོས་འགངས་ཅན་ཚུ་ ཨར་རྐུན་འབད་བའི་དོགས་པ་ལུ་བརྟེན་ ས་གནས་ཀྱི་མི་༣ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ད་ལྟོ་ དོ་དམ་འོག་ལུ་ཡོད་མི་ དོགས་པ་ཅན་ ཕོ་སྐྱེས་༣ གྱི་གྲས་ལས་༢ བཀང་ལུང་ལས་ཨིན་པའི་ཁར་ གཞན་མི་དེ་ བཀང་ལུང་དངུལ་བཏོན་འཕྲུལ་ཆས་ ཨེ་ཊི་ཨེམ་གྱི་ སྲུང་རྒྱབ་ཨིན་པས།
ཨར་རྐུན་ཤོར་མི་དེ་ རོང་ཐུང་ལུ་ སྣག་ཚང་༢ ཡོད་མི་ལས་ བཀང་ལུང་ཁ་ཐུག་ལུ་འགྱོ་བའི་ གཞུང་ལམ་གྱི་ ལྟག་ལུ་ཡོད་མི་དེ་ཨིནམ་ད་ ད་རེས་ སྣག་ཚང་ནང་ མི་སྡོད་མི་མེད་པར་ ཁྱིམ་སྲུངཔ་ཅིག་ བཙུགས་བཞག་ཡོདཔ་ཨིན་པས།
ཁྱིམ་སྲུངཔ་དེ་ སྣག་ཚང་ལས་ མི་ཊར་༥༠༠ དེ་ཅིག་གི་ས་ཁར་ སྦ་སྒོར་ཅིག་ནང་ སྡོད་དོ་ཡོདཔ་ད་ ཁོ་གིས་ ཨར་རྐུན་ཤོར་བའི་སྐོར་ལས་ ཤེས་རྟོགས་མ་བྱུངམ་ཨིན་པས།
ལོ་རྒྱུས་དང་འཁྲིལ་བ་ཅིན་ སྣག་ཚང་ནངས་ལས་ ནམ་ཨར་རྐུན་ཤོར་ཡོདཔ་ཨིན་ན་ ཏན་ཏན་སྦེ་ མ་ཤེས་རུང་ མི་སྡེའི་འགོ་ཁྲིདཔ་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ སྤྱི་ཟླ་༣ པའི་ཚེས་༢༤ ལུ་ སྙན་ཞུ་འབད་ཡོདཔ་ཨིན་རུང་ དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ དྲི་བའི་སྐབས་ བརྡ་བརྒྱུད་ལུ་ ཞིབ་དཔྱད་འབད་མ་ཚར་ཚུན་ཚོད་ སླབ་མ་ཆོགཔ་སྦེ་ བཀའ་རྒྱ་ཐོབ་སྟེ་ཡོད་ཟེར་སླབ་སྟེ་ གནས་ཚུལ་བྱིན་མ་བཏུབ།
ཉེ་འདབས་ཀྱི་ མི་ཚུ་གིས་ སླབ་མིའི་ནང་ ཁྱིམ་ཐོག་༣ འབད་མི་ སྣག་ཚང་དེ་ ད་ལྟོ་ ཕྱི་རྒྱལ་ལུ་སྡོད་མི་ ཀརྨ་བསྟན་འཛིན་གྱི་ཨིནམ་ལས་ དེ་ནང་གཞན་དང་མ་འདྲ་བའི་ ཅ་རྙིང་འགངས་ཅན་དང་ གཏེར་མ་ དེ་ལས་ དང་ཕུའི་ཅ་ལ་ལེ་ཤ་ཡོད་པའི་ ལོ་རྒྱུས་ཚུ་ གོ་ཡི་ཟེར་ཨིན་པས།
རོང་ཐུང་དེ་ བཀྲིས་སྒང་ཁྲོམ་ལས་ བསམ་གྲུབ་ལྗོངས་མཁར་ཁ་ཐུག་ལུ་ ཀི་ལོ་མི་ཊར་༡༥ དེ་ཅིག་གི་ས་ཁར་ཡོདཔ་ཨིན་པའི་གནས་ཚུལ།
No comments:
Post a Comment