གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནགས་མེ་སྤར་མི་ཚུ་ བདའ་མ་ཟུན་པ་ཅིན་ མི་སྡེ་ཚུ་ལུ་ ཉེས་བྱ་ཕོག་ནི།


༉ བཀྲིས་བསྒང་རྫོང་ཁག་ ཨུ་མཛོ་རོང་རྒེད་འོག་ནང་ སྤྱི་ཟླ་༣ པའི་ཚེས་༢༤ གི་ ནུབ་མོའི་ཆུ་ཚོད་༩.༣༠ དེ་ཅིག་ཁར་ ནགས་ཚལ་ལུ་ མེ་སྤར་མི་དེ་ བདའ་མ་ཟུན་པ་ཅིན་ རྒེད་འོག་དེ་གི་ མི་སེར་ཚུ་ལུ་ ཉེས་བྱ་བཀལ་ནིའི་དོན་ལས་ རྫོང་ཁག་བདག་སྐྱོང་ཡིག་ཚང་ནང་ འབོ་ནི་ཨིན་པས།

ཨུ་མཛོ་རོང་རྒེད་འོག་ནང་ ནགས་མེ་ཤོར་མི་དེ་ དུས་ཚོད་༡ ནང་ ཚར་གཅིག་དང་ གཉིས་མེན་པར་ ད་རིས་འབདཝ་ད་ ལན་ཐེངས་༤ བྱུངམ་ཨིན་ཟེར་ རྫོང་ཁག་ནགས་ཚལ་འགོ་དཔོན་ འཇིགས་མེད་ཚུལ་ཁྲིམས་ཀྱིས་ བཤད་པའི་ཁར་ ནགས་མེ་སྤར་མི་དེ་ ག་ཨིན་ན་ འཚོལ་ཞིབ་འབད་ནིའི་དོན་ལས་ རྒེད་འོག་གི་ མི་སེར་ཚུ་ལུ་ དུས་ཡུན་བདུན་ཕྲག་༡ བྱིན་ཏེ་ཡོད་ཟེར་ སླབ་ཨིན་པས།
གལ་སྲིད་ མི་སྡེ་གིས་ ཉེས་པ་འབད་མི་དེ་ བདའ་མ་ཟུན་པ་ཅིན་ གཡུས་ཚན་ནང་གི་ མི་སེར་རེ་རེ་བཞིན་དུ་ལུ་ ནགས་ཚལ་དང་ རང་བཞིན་ཉམས་སྲུང་གི་ བཅའ་ཡིག་དང་འཁྲིལ་ ཉེས་བྱ་ཚུ་ ཡངས་ཆག་མེད་པར་ བཀལ་ནི་དང་ ཉེས་བྱ་སྤྲོད་མ་ཚུགས་པ་ཅིན་ མེ་གིས་འཚིགས་མི་ ནགས་ཚལ་གྱི་ ས་ཁོངས་ཚུ་ནང་ ཤིང་ཚུ་བཙུགས་ཐོག་ལས་ བསྐྱར་གསོ་འབད་དགོ་ཟེར་ རྫོང་ཁག་ནགས་ཚལ་འགོ་དཔོན་གྱིས་ བཤདཔ་ཨིན་པས།
འཕྲལ་གྱི་མེ་རྐྱེན་དེ་ དོན་ཆེད་འབད་ར་ མེ་སྤར་ཡོད་པའི་ དོགས་པ་ཡོད་མི་དེ་ཡང་ སྦལ་སྤམ་ལུ་ ལེ་མཱོན་རྩྭའི་ མར་ཁུ་བཙིར་དོ་ཡོདཔ་ལས་ རྩྭ་དེ་ཚུ་ ལེགས་ཤོམ་སྦེ་ ལོག་སྐྱེ་ནིའི་དོན་ལུ་ ཉེ་འདབས་ཀྱི་ གཡུས་ཚན་ནང་ སྡོད་མི་ཚུ་གིས་ སྤར་ཡོདཔ་འོང་ནི་མས་ཟེར་ རྫོང་ཁག་ནགས་ཚལ་འགོ་དཔོན་ལས་རོགས་ འཇིགས་མེད་ཚེ་རིང་གིས་ སླབ་ཨིན་པས།
ཨུ་མཛོ་རོང་གི་ རྒཔོ་བསྟན་འཛིན་ཚེ་དབང་གིས་ སླབ་མིའི་ནང་ ནགས་མེ་དེ་ དོན་ཆེད་འབད་ར་ སྤར་སྤརཝ་ཨིན་ན་ ཡང་ཅིན་ ཕར་ཚུར་འགྱོ་མི་ཚུ་གི་ སྣང་མེད་ལུ་བརྟེན་ ཤོར་སོཔ་ཨིན་ན་ ཏན་ཏན་སྦེ་ སླབ་མི་ཤེས་པས་ཟེར་ཨིན་པས།
དེ་མ་ཚད་ ནགས་མེ་དེ་ ནུབ་མོར་བྱུང་ཡོདཔ་ལས་ ཉེས་ལས་འབད་མི་ཚུ་ བདའ་ཟུན་ཚུགས་པར་ ལཱ་ཁག་འོང་ཟེར་ རྒཔོ་གིས་ བཤད་ཡོདཔ་ད་ མེ་རྐྱེན་དེ་ ཉིནམ་༢ ཀྱི་རྒྱབ་ལས་རྐྱངམ་གཅིག་ བསད་ཚུགས་ཡོདཔ་ལས་ ད་ལྟོ་ ནགས་ཤིང་ག་དེམ་ཅིག་ འཚིགས་ཡོདཔ་ཨིན་ན་ སྔོན་རྩིས་བཏོན་པའི་བསྒང་ཡོདཔ་ཨིན་པས།
ད་རུང་ སྤྱི་ཟླ་༢ པའི་ཚེས་༢༦ ལུ་ ནགས་མེ་བྱུང་སྟེ་ བཀྲིས་སྒང་རྫོང་ཁག་གི་ མཁར་ཟ་དང་ དུ་རུང་ ལེགས་ཕུག་ ལྕང་ཟེ་ལ་སོགས་པའི་ གཡུས་ཚན་༦ ནང་ ནགས་ཚལ་ཧེག་ཊར་༩༩༡ དེ་ཅིག་ འཚིགས་སོ་མིའི་ནང་ འབྲེལ་བ་ཅན་ཚུ་ལུ་ ཉེས་འཛུགས་འབད་ནིའི་དོན་ལུ་ སྒྲུབ་བྱེད་ལངམ་སྦེ་ ཐོབ་མ་ཚུགས་པར་ཡོདཔ་ལས་ ལོག་སྟེ་ར་ ཞིབ་དཔྱད་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ ནགས་ཚལ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ནགས་མེ་སྤར་མི་དེ་ རི་རབ་བཟོ་སྐྲུན་ལས་སྡེའི་ ལས་མི་ཚུ་ལུ་ དོགས་པ་ཡོདཔ་ད་ ཉིནམ་༥ གི་ཤུལ་ལས་ བསད་ཚུགས་མི་ མེ་རྐྱེན་དེ་ ཏམ་ཁུ་འཐུང་མི་དང་ བཞེས་སྒོ་འབད་མི་ལས་ བྱུང་ཡོད་པའི་ དོགས་པ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment